སྐད་ཡིག་ཚུ༌

འབྲུག་ཐུགས་སྲས་དང་ ཁྲི་མངའ་གསོལ་གྱི་རྟགས་མ་ ཐོབ་མི་ མི་ངོམ་ཚུ།

འབྲུག་རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་ ཆོས་དང་སྲིད་དོན་གྱི་ནང་ལུ་ ཕྱག་ལཱ་གནང་ཡོད་པའི་མི་ངོམ་ཚུ་ལུ་ རྟགས་མ་ གནང་ཡོདཔ།

༡. བློན་པོ་ ཡེ་ཤེས་སྦྱིན་པ། (འབྲུག་ཐུགས་སྲས་དང་ ཁྲི་མངས་གསོལ)
༢. བློན་པོ་ བསོད་ནམས་སྟོབས་རྒྱས། (ཁྲི་མངས་གསོལ)
༣. བློན་པོ་ ཕྲིན་ལས་རྒྱ་མཆཚོ། (ཁྲི་མངས་གསོལ)
༤. བློན་པོ་ ཀུན་བཟང་རྡོ་རྗེ། (ཁྲི་མངས་གསོལ)
༥. བློན་པོ་ འཇིགས་མེད་ འོད་ཟེར་ཕྲིན་ལས། (འབྲུག་ཐུགས་སྲས་དང་ ཁྲི་མངས་གསོལ)
༦. བློན་པོ་ མཁའ་འགྲོ་ དབང་ཕྱུག། (ཁྲི་མངས་གསོལ)
༧. བློན་པོ་ སངས་རྒྱས་ དངོས་གྲུབ། (འབྲུག་ཐུགས་སྲས་དང་ ཁྲི་མངའ་གསོལ)
༨. ཚེ་འདས་ བློན་པོ་ རྡོ་རྗེ་ ཚེ་རིང་། (འབྲུག་ཐུགས་སྲས)
༩. ཚེ་འདས་ དྲག་ཤོས་ ཀེ་ཇེ་ ནི་ཤོ་ཀ། (འབྲུག་ཐུགས་སྲས)
༡༠. ཚེ་འདས་ ཕ་དར་ ཝི་ལི་ཡམ་ ཇེ་ མེ་ཀེ། (འབྲུག་ཐུགས་སྲས)
༡༡. དྲག་ཤོས་ དབང་ཕྱུག། (འབྲུག་ཐུགས་སྲས)
༡༢. དྲག་ཤོས་ རྡོ་རྗེ་བསྟན་འཛིན། (འབྲུག་ཐུགས་སྲས)
༡༣. དྲག་ཤོས་ རྡོ་རྗེ་ རྒྱལ་མཛན། (ཁྲི་མངས་གསོལ)
༡༤. ཚེ་འདས་ སློབ་དཔོན་ ཨོམ་ཏོང་། (འབྲུག་ཐུགས་སྲས)
༡༥. སེང་གེ་རྣམ་རྒྱལ་། (འབྲུག་ཐུགས་སྲས)
༡༦. དྲུང་འཚོ་ པད་མ་ རྡོ་རྗེ། (འབྲུག་ཐུགས་སྲས)
༡༧. སློབ་དཔོན་ བཀྲིས་ ཕུན་ཚོགས། (འབྲུག་ཐུགས་སྲས)
༡༨. བླམ་ པད་མ་ ཚེ་དབང་། (འབྲུག་ཐུགས་སྲས)
༡༩. ཨཔ་ རྡོ་པད། (འབྲུག་ཐུགས་སྲས)
༢༠. ཇི་ཨེན་ རའོ། (འབྲུག་ཐུགས་སྲས)
༢༡. སྨན་གཡོགམོ་ པ་སངས་དབང་མོ། (འབྲུག་ཐུགས་སྲས)
༢༢. ལྷ་བྲིསཔ་ ཨོ་རྒྱན་ ལྷུན་གྲུབ།(འབྲུག་ཐུགས་སྲས)
༢༣. བསྟན་པ། (འབྲུག་ཐུགས་སྲས)

༡. ཨཔ་ རྡོ་པད།

རང་ལུགས་ཀྱི་ སྙན་ཆ་དང་ཞབས་བྲོ་ལུ་ ཡོངས་གྲགས་ཡོད་མི་ ཨཔ་ རྡོ་པད་འདི་ སྤུ་ན་ཁ་ རྟ་ལོག་ལས་ཨིནམ་དང་ ཆུང་ཀུའི་བསྒང་ལུ་ གཞུང་གྲྭ་ཚང་ལུ་ ཕྱག་དཔེ་ཚུ་སྦྱང་གསན་གནང་ནུག། སྐྱེ་ལོ་ ༡༨ ལས་ ཁོ་རའི་སྤྲོ་བའི་ཐོགལས་ རང་ལུགས་ཀྱི་སྙན་ཆ་ གླིངམ་འཕུ་ནི་འགོ་བཙུགས་ནུག། དེ་མ་ཚད་ ཁོ་རའི་ སློབ་དཔོན་དང་ ཆ་རོགས་ བསམ་ པདྨོ་ རྡོ་རྗེ་ལས་ རང་ལུགས་ཀྱི་སྙན་ཆ་ སྒྲ་སྙན་དཀྲོགས་ནི་དང་ གཞུང་སྒྲ་འཐེན་ནི་ཚུ་ལྷབ་ནུག། སྤྱི་ལོ་ ༡༩༦༠ གི་རིང་ལུ་ ཨཔ་རྡོ་པད་འདི་ ཁོ་རའི་དཀྱིལ་འཁོར་སློབ་དཔོན་གྱིས་ བཀྲ་ཤིས་ཆོས་རྫོང་ ཉམས་གསོ་མཛད་པའི་སྐབས་ལུ་ ལྷ་བྲིསཔ་ གོངམ་སྦེ་བཀོད་ཡོདཔ་དང་ མི་ལོ་ ༢༥ དེ་ཅིག་གི་རིང་ལུ་ ལཱ་འབད་བའི་ཤུལ་ལུ་ དགོངམ་ཞུ་ནུག།
ཨཔ་རྡོ་པད་ཀྱིས་ འབྲུག་ལུ་མཐུན་འབྲེལ་གཟིགས་སྐོར་ལུ་ བྱོན་མི་མགྱོནམ་ ཇ་ཝ་ཧར་ལཱལ་ ནེ་རུ་དང་ ར་ཇིབ་གཱན་དྷི་ ལ་སོགས་པ་ཚུ་ལུ་ མགྲོན་སྐྱོང་འབད་ཡོདཔ་མ་ཚད་ ༡༩༥༠ ལུ་ ཨཔ་རྡོ་པད་ འགོ་དང་པ་ ཀ་ལིམ་པོང་ལུ་ མགྱོནམ་ཚུ་ མགྲོན་སྐྱོང་འབད་བ་སོང་ནུག། སྤྱི་ལོ ༡༩༩༩ དབྱིན་ཟླ་ ༦ པའི་དབྱིན་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་ཐོབ་ནུག།

༢. ཚེ་འདས་ དྲག་ཤོས་ ཀརྨ་ དགེ་ལེགས།(༡༩༤༢-༢༠༠༨)

ཚེ་འདས་ དྲག་ཤོས་ ཀརྨ་དགེ་ལེགས་འདི་ ༡༩༤༢ ལུ་ བུམ་ཐང་ སྟང་སི་སྦྱིས་ ལུ་སྐུ་འཁྲུངས་ནུག། དགུང་ལོ་ བདུན་ལས་ མི་དབང་འབྲུག་རྒྱལ་གཉིས་པའི་སྲས་དང་སྲསམོ་ཚུ་དང་གཅིག་ཁར་ ཕྱག་དཔེ་ཚུ་སྦྱང་གསན་གནང་ནི་འགོ་བཙུགས་ནུག། རྒྱལ་ཁབ་ནང་འཁོད་ཀྱི་སློབ་གྲྭ་ལེ་ཤ་ཅིག་ནང་སྐུ་ཡོན་ཚུ་སྦྱང་ཞིནམ་ལས་ རྒྱ་གར་ལུ་ ནའིན་ནི་ཏཱལ་ མི་མང་སློབ་གྲྭ་ནང་ལུ་བྱོན་ཡོདཔ་དང་ ༡༩༦༠ ལུ་ འབྲི་རིམ་སློབ་གྲྭའི་ཤེས་ཡོན་ མཐའ་འཁྱོལ་ནུག།
དྲག་ཤོས་མཆོག་གིས་ སློབ་དཔོན་ལས་ འགོ་བཙུགས་ཏེ་ དམག་མི་གི་འགོ་དཔོན་ཚུན་ཚོད་ལུ་ འགོ་གནས་ལེ་ཤ་ཅིག་བཞེས་གནང་ནུག། བྱ་དཀར་ལུ་ སློབ་དཔོན་སྦེ་བཞུགས་པའི་སྐབས་ལུ་ ཚེ་འདས་ བློན་པོ་ ཟླ་བ་ཚེ་རིང་གིས་ ཤེས་རིག་ལས་ཁུངས་ཀྱི་འགོ་དཔོན་སྦེ་ བཀོད་གནང་ཡོདཔ་དང་ དྲག་ཤོས་ མཆོག་ བུམ་ཐང་ བླ་མའི་དགོན་པའི་ ཨ་ཞེ་ བསྐལ་བཟང་དང་གཅིག་ཁར་ གཉེན་སྦྱོར་མཛད་ནུག། ༡༩༨༠ ལུ་ དྲག་ཤོས་ཀརྨ་དགེ་ལེགས་མཆོག་གིས་ འབྲུག་ཚོང་དང་བཟོ་གྲྭ་ ཚོགས་སྡེ་གཞི་བཙུགས་གནང་ཡོདཔ་དང་ དྲག་ཤོས་མཆོག་ བློ་གྲོས་ཚོགས་སྡེའི་ སྤྱི་མི་སྦེ་ཡང་ ཕྱག་ལཱ་གནང་ནུག། དྲག་ཤོས་མཆོག་ ནང་པའི་སྨན་དང་ རང་ལུགས་འབྲུག་པའི་ ལག་བཟོ་ཚུ་ནང་ སྤྲོ་བ་སྦོམ་སྦེ་རང་ཡོདཔ་མ་ཚད་ དམ་པའི་ཆོས་ལུ་ དད་པ་དང་ཡིད་ཆེ་གནམ་མེད་ས་མེད་ཡོདཔ་ཨིན་མས།
དྲག་ཤོས་ ཀརྨ་དགེ་ལེགས་མཆོག་ མི་དབང་འབྲུག་རྒྱལ་ ལྔ་པ་ འཇིགས་མེད་གེ་སར་ རྣམ་རྒྱལ་དབང་ཕྱུག་མཆོག་ལས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཐོབ་མི་ མི་ངོམ་དང་པ་ཨིནམ་དང་ དྲག་ཤོས་མཆོག་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡ པའི་ སྤྱི་ཚེས་ ༡༦་ དགུང་ལོ་ ༦༤ ལུ་ བཤགས་སོ་ནུག།

༣. དྲུང་འཚོ་ པདྨ་རྡོ་རྗེ།

དྲུང་འཚོ་ པདྨ་རྡོ་རྗེ་དེ་ ༡༩༣༦ ལུ་ ཀྲོང་གསར་ བཀྲིས་ལྡིང་ཁ་ལུ་ སྐྱེ་ནུག། ཁོ་གི་ ཨ་རྒས་ དྲུང་འཚོ་ འཆི་མེད་རྒྱལ་མཚན་འདི་ ཨ་ཞེ་དབངམོ་གྱི་སྒེར་གྱི་དྲུང་འཚོ་ཨིནམ་དང་ ཁོ་ལུ་ གསོ་བའི་རིགས་པ་དེ་ ཁོ་རའི་མི་བརྒྱུད་ཚུ་ལུ་ སྤེལ་གནང་དགོ་པའི་བཀའ་རྒྱ་གནང་ནུག། དྲུང་འཚོ་ པདྨ་རྡོ་རྗེ་གི་ གསོ་བ་རིག་པ་ལྷབ་ནིའི་དོན་ལུ་ ལོ་བདུན་གྱི་རིང་ལུ་ ཁོ་རའི་ ཨ་རྒས་དང་གཅིག་ཁར་ ལྷ་ས་ལུ་སོང་ཞིནམ་ལས་ ༡༩༥༣ དགུང་ལོ་ ༢༢ ལུ་ ལོག་འབྲུག་ལོ་བྱོན་ནུག། དེ་ལས་ཁོ་རའི་ ཨ་ཞ་ གནས་རྟེན་ ཚེ་དབང་ རྒྱལ་མཚན་དང་གཅིག་ཁར་ ཀྲོང་གསར་ རྫོང་ནང་ ལོ་དགུ་ཕྱག་ཞུ་བའི་ཤུལ་ལུ་ ༡༩༩༢ ལུ་གཞུང་ལས་ ཁོ་ལུ་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་དེ་འགོ་བཙུགས་དགོ་པའི་བཀའ་རྒྱ་གནང་ནུག། ༡༩༦༨ ལུ་ དྲུང་འཚོ་ པདྨ་རྡོ་རྗེ་དང་ དྲུང་འཚོ ཤེས་རབ་ སྦྱོར་ལྡན་གཉིས་ཀྱིས་ བདེ་ཆེན་ཆོས་གླིང་ལུ་ ནང་པའི་སྨན་ཁང་འགོ་དང་པ་ གཞི་བཙུགས་འབད་ཡོདཔ་དང་ འདི་ནང་ སྦྱོང་བརྡར་འདབ་མི་ཚུ་གི་དོན་ལུ་ རྩ་གཞུང་ཚུ་ བརྩམ་གནང་ནུག། དྲུང་འཚོ་ པདྨ་རྡོ་རྗེ་ལུ་ གསོ་བ་རིག་པ་ནང་ལུ་ མཁས་སློབ་ཀྱི་ཤེས་ཚད་ཡོདཔ་ཨིན།
དྲུང་འཚོ་ པ་དྨ་རྡོ་རྗེ་གིས་ དུས་སྟོན་ལེ་ཤ་ཅིག་ནང་ལུ་ ཕརནསི་ ལུ་ཡོད་མི་ བཀའ་བརྒྱུད་གླིང་ ལྷ་ཁང་ནང་ལུ་ ཞིང་གཤེགས་ ཀ་ལུ་ རིན་པོ་ཆེའི་ སློབ་མ་ཚུ་ལུ་ གསོ་བ་རིག་པའི་ བསླབ་སྟོན་གནང་ཡོདཔ་དང་ འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁག་ ༢༠ ནང་ལུ་ ནང་པའི་སྨན་ཁང་གཞི་བཙུགས་གནང་མི་གི་ མི་ངོམ་ གཙོ་ཅན་གཅིག་ཨིན་མས།
དྲུང་འཚོ་ པདྨ་རྡོ་རྗེ་གིས་ རྒྱལ་ཁབ་ནང་ གསོ་བ་རིག་པ་གོང་འཕེལ་དང་བསྒྱུར་བཅོས་སྦོམ་སྦེ་རང་གཏང་་ཡོདཔ་ལས་ ༡༩༩༩ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་རྟག་མ་གནང་ནུག།

༤. དྲག་ཤོས་ དབང་ཕྱུག།

དྲག་ཤོས་དབང་ཕྱུག་དེ་ ༡༩༤༦ ལུ་ ཧཱ་ ལྟག་ཆུ་དགོན་པ་ལུ་ སྐྱེས་ནུག། སྐྱེ་ལོ་བདུན་ལས་ ལྟག་ཆུ་དགོན་པ་ལུ་ དགེ་སློང་ནང་འཛུལ་བཞུགས་འབད་དེ་ ཤེས་ཡོན་སྦྱང་ནི་འགོ་བཙུགས་ནུག།
ལོ་གསུམ་གྱི་རིང་ལུ་ མཚན་ཉིད་དབུ་མཛད་ཀྱི་གོ་གནས་བཞེས་ཡོདཔ་དང་ སྐྱེ་ལོ་ ༡༨ ལུ་ ཁོ་རའི་སློབ་དཔོན་ སྐྱབས་རྗེ་ ཡེ་ཤེས་སེང་གེ་མཆོག་གིས་ ཕ་འཇོ་ལྡིང་ལྷ་ཁང་གི་ རྫོང་དཔོན་སྦེ་བཀོད་གནང་ནུག། ཁོ་གིས་ སྐྱེ་ལོ་ ༣༣ ཚུན་ཚོད་ལུ་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ནང་ཕྱག་ཞུ་དེ་ ༡༩༧༡ ལུ་ རབ་འབྱམས་ཀྱི་གོ་གནས་བཞེས་ཡོདཔ་དང་ ༡༩༨༧ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བུ་རས་དམརཔོ་གནང་ནུག།
གཞུང་གཡོག་ནང་ མི་ལོ་ ༢༧ ཕྱག་ལཱ་མཛད་པའི་རིང་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞི་དང་ལྷ་ཁང་དགོན་སྡེ་ ༧༠ དེ་ཅིག་ཉམས་གསོ་མཛད་དེ་ མཐོང་འགྲོལ་ ༡༣ དེ་ཅིག་བཞེངས་གནང་ནུག། མི་དབང་འབྲུག་རྒྱལ་བཞི་པའི་ བཀའ་རྒྱ་ལྟར་དུ་ དྲག་ཤོས་ དབང་ཕྱུག་མཆོག་གིས་ སྤུ་ན་ཁ་དང་ རྟ་ལོག་རྫོང་ སྟག་ཚང་ལྷ་ཁང་དང་ སྤ་རོ་ དོཔ་ར་གོས་ལྷ་ཁང་ ཧཱ་ད་ལི་གྲྭ་ཚང་དང་ སྤུ་ན་ཁ་ དགོན་ཚེ་ཕུ་ དེ་ལས་ ཚ་ལི་ལ་ན་གནས་དང་ ཐིམ་ཕུ་ དབང་ ད་ལོ་ལྷ་ཁང་ ཧཱ་ལྟག་ཆུ་དགོན་པ་ ལྕང་སྒང་ཁ་དང་ བདེ་ཆེན་ཕོ་བྲང་ལྷ་ཁང་ཚུ་ ཉམས་གསོ་མཛད་གནང་ནུག།
དབང་འདུས་ཕོ་བྲང་རྫོང་དང་ ཧཱ་རྫོང་ནང་ལུ་ཡོད་མི་ གུ་རུ་མཚན་བརྒྱད་ཀྱི་མཐོང་འགྲོལ་ཚུ་ དྲག་ཤོས་དབང་ཕྱུག་གིས་གནང་གནངམ་ཨིནམ་དང་ ད་ལྟོ་དྲག་ཤོས་མཆོག་ རྡོ་ཅོ་ལ་ལུ་ ལྷ་ཁང་བཞེངས་མི་ཚུ་གི་ འགོ་འདྲེན་པ་སྦེ་ ཁོ་རའི་ནང་མི་ཉེས་ཚན་ཚུ་དང་གཅིག་ཁར་བཞུགས་ཡོདཔ་ཨིན། དྲག་ཤོས་མཆོག་གིས་ རྒྱལ་ཁབ་ནང་གི་ རྫོང་གཞི་དང་ ལྷ་ཁང་དགོན་སྡེ་ཚུ་ བདག་འཛིན་འཐབ་སྟེ་ རྒྱ་བསྐྱེད་མཛད་གནང་བའི་ ངོ་བསྟོད་ལུ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་རྟག་མ་གནང་ནུག།

༥. ཚེ་འདས་ དྲག་ཤོས་ རྡོ་རྗེ་ བསྟན་འཛིན། (༡༩༤༢-༢༠༠༢)

ཚེ་འདས་ དྲག་ཤོས་ རྡོ་རྗེ་བསྟན་འཛིན་མཆོག་ ༡༩༤༢ ལུ་ དབང་འདུས་ཕོ་བྲང་ དགའ་སེང་ཚོ་གོངམ་ལུ་ སྐྱེས་ནུག། རྒྱ་གར་ལུ་
སྒོ་ནོར་གསོ་སྐྱོང༌གྱི་ཆོས་ཚན་ནང་ སློབ་སྦྱོང་མཛད་པའི་ཤུལ་ལུ་ ༡༩༦༤ ལུ་ གཞི་གཡོག་ནང་ལུ་ སྒོ་ནོར་སྨན་པ་སྦེ་ ཕྱག་ལཱ་གནང་ནུག།
༡༩༧༢ ལུ་ སྒོ་ནོར་གསོ་སྐྱོང་ལས་ཁུངས་ཀྱི་ མདོ་ཆེན་འོག་མ་དང་ ༡༩༧༩ ལུ་ མཉམ་འབྲེལ་མདོ་ཆེན་ ༡༩༨༤ ལུ་ མདོ་ཆེན་མཛད་གནང་ནུག། ༡༩༨༥ ལུ་ ནགས་ཚལ་ལས་ཁུངས་ནང་ལུ་ མདོ་ཆེན་སྦེ་གནས་སོར་བཏང་ཡོདཔ་དང་ ལོ་གཅིག་གི་ཤུལ་ལས་ ཕྱི་མི་ཐོ་བཀོད་ལས་ཁུངས་ཀྱི་ མདོ་ཆེན་སྦེ་བཀོད་གནང་ནུག། ༡༩༩༩ ལུ་ ལམ་སེལ་ལས་ཁུངས་ཀྱི་མདོ་ཆེན་དང་ སྤྱི་ལོ་ ༢༠༠༠ ལུ་ བརྒྱུད་འབྲེལ་ལྷན་ཁག་གི་ དྲུང་ཆེན་མཛད་ཡོདཔ་དང་ ༡༩༨༤ ལུ་ འབྲུག་རྒྱལ་བཞི་པ་མཆོག་གིས་ བུ་རས་དམརཔོ་གནང་ཡོདཔ་དང་ ༡༩༩༩ ལུ་ འབྲུག་ཐུགས་སྲས་ཀྱི་རྟག་མ་ ཐོབ་པའི་ཤུལ་ལས་ སྤྱི་ལོ་ ༢༠༠༠ ལུ་ བཤགས་སོ་ནུག།

༦. ཚེ་འདས་ དྲག་ཤོས་ ཀེ་ཇེ་ ནི་ཤོ་ཀ། (༡༩༣༣-༡༩༩༢)

ཡོངས་གྲགས་ལུ་ ཇཱ་པཱན་ ས་ཡིབ་ ཟེར་སླབ་སྲོལ་ཡོད་པའི་ དྲག་ཤོས ཀེ་ཇེ་ ནི་ཤོ་ཀ་དེ་ ༡༩༣༣ སྤྱི་ཟླ་གཉིས་པའི་སྤྱི་ཚེས་ ༡༤ ལུ་ སྐྱེས་ནུག། ཁོ་གིས་ཆུང་རིམ་ཤེས་ཡོན་ཚུ་ ཀོ་རི་ཡ་གི་ ས་ཀུ་ར་ག་འོ་ཀ་ སློབ་གྲྭ་ཆུང་བ་ནང་ལྷབ་ཞིནམ་ལས་ ཡ་འོ་ སློབ་གྲྭ་འབྲིང་མ་ནང་ ཕྱག་དཔེ་གཟིགས་ཡོདཔ་དང་ ཁོ་ལུ་ ཨོ་ས་ཀ་ གཙུག་ལ་སློབ་སྡེ་ནང་ལས་ ས་ནམ་གྱི་མཐོ་རིམ་ཤེས་ཚད་ཡོདཔ་ཨིན། སྤྱི་ལོ་ ༡༩༦༤ སྐྱེ་ལོ་ ༣༡ ལུ་ འབྲུག་ལུ་ ཀོ་ལོམ་བོ་ འཆར་གཞིའི་མཁས་ཆོག་སྦེ་ འོང་ནུག། ཁོ་གིས་ མི་སེར་གཞིང་ལཱ་འབད་མི་ཚུ་ལུ་ གྲོགས་རམ་འབད་དེ་ འབྲུག་ལུ་ ལོ་ ༢༨ དེ་ཅིག་སྡོད་པའི་རིང་ལུ་ འབྲུག་དང་ ཇ་པཱན་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་འབྲེལ་སྔར་བ་ལྷགཔ་སྦེ་ ཡར་རྒྱས་བཏང་གནང་ནུག།
དྲག་ཤོས་ ནི་ཤོ་ཀ་གིས་ སྤ་རོ་ བོང་སྡེ་ གསོ་སྐྱོང་ཁང་གཞི་བཙུགས་འབད་དེ་ རྒྱལཁབ་ནང་གི་གཡུས་ཚན་ལེ་ཤ་ཅིག་ཡར་རྒྱས་བཏང་ཡོད་མི་ནང་ལས་ སྤ་རོ་རྫོང་ཁག་འདི་ཡར་རྒྱས་གནམ་མེད་ས་མེད་སོང་ཡོདཔ་ཨིན། དེ་མ་ཚད་ ས་ནམ་འཕྲུལ་ཆས་ལྟེ་བ་དང་ འབྲུག་སོན་ལས་འཛིན་གཉིས་གཞི་བཙུགས་འབད་ཐོག་ལས་ འབྲུ་སྣ་དང་ཚོད་བསྲེ་ དེ་ལས་ཤིང་འབྲས་ཀྱི་སོན་གསརཔ་ཚུ་གསོ་སྐྱོང་འབད་མི་དེ་གིས་ མི་སེར་ཞིང་ལཱ་འབད་མི་ཚུ་ལུ་ ཕན་སྦོམ་སྦེ་ར་ཐོགས་ནུག། ད་རུང་ ས་ནམ་གྱི་འཕྲུལ་ཆས་ཚུ་ཡང་ ཡར་རྒྱས་བཏང་གནང་ཡོདཔ་དང་ ས་ནམ་གྱི་ལཱ་འབད་ནིའི་ཐབས་ལམ་གསརཔ་ཚུ་ སྟོན་གནང་ནུག། དྲག་ཤོས་ ནི་ཤོ་ཀ་གིས་ གཞལམ་སྒང་ལུ་ ཆུ་ཞིང་ ཨེ་ཀར་ ༣༠༠ དེ་ཅིག་བཟོ་དེ་ ས་གནས་གཅིག་ནང་ལས་གཅིག་ནང་སྤོ་ཡི་ར་ སྡོད་མི་ མི་སེར་ཚུ་ལུ་
བྱིན་ནུག།
དྲག་ཤོས་ ནི་ཤོ་ཀ་འདི་ ཕྱི་རྒྱལ་གྱི་མི་ཅིག་ཨིན་རུང་ འབྲུག་པའི་གྱོན་ཆས་དང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་སླབ་ནི་ལུ་ སྤྲོ་བ་སྦོམ་སྦེ་རང་ཡོདཔ་ཨིནམ་དང་ བཞེས་སྒོ་ཚུ་ཡང་འབྲུག་པའི་ལུགས་སྲོལ་སྦེ་ར་ཟ་དེ་སྡོ་མི་ཅིག་ཨིན་མས། འབྲུག་ལུ་ ལོ་ངོ་ ༢༨ དེ་ཅིག་ཕྱག་ལཱ་གནང་བའི་ཤུལ་ལུ་ སྤྱི་ལོ་ ༡༩༩༢ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ དགུང་ལོ་ ༥༩ ལུ་ བཤགས་སོངཔ་ཨིནམ་དང་ ཁོ་ལུ་ ཨམ་སྲུ་དང་ ཨ་ལོ་གཉིས་ཡོདཔ་ཨིན་མས། དྲག་ཤོས་ ནི་ཤོ་ཀ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བུ་རས་དམཔོ་གནང་ཡོདཔ་དང་ རྒྱལ་ཁབ་ནང་ལུ་ ས་ནམ་གྱི་ཐོན་སྐྱེད་ཚུ་ གོང་འཕེལ་བཏང་གནང་བའི་ངོ་བསྟོད་ལུ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ དྲག་ཤོས་ ནི་ཤོ་ཀ་གི་ ནང་མི་ཉེས་ཚན་ཚུ་ལུ་ འབྲུག་ཐུགས་སྲས་ཀྱི་རྟག་མ་གནང་ནུག།

༧. ཕ་དར་ མེ་ཀེ།

ཕ་དར་ མེ་ཀེ་དེ་ སྤྱི་ལོ་ ༡༩༤༦ ལུ་ ཀེ་ན་ཌ་ལས་ རྒྱ་གར་ དར་ཇི་གླིང་ལུ་ ལུ་ ཇེ་སུའིཊ་ གདོན་གཅོད་ཀྱི་དོན་ལུ་ འོང་ཡོདཔ་དང་ དེ་གི་སྐབས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ འབྲུག་ལུ་ དེང་སང་ཤེས་རིག་ལམ་ལུགས་ཡར་རྒྱས་བཏང་ནིའི་དོན་ལུ་ སློབ་དཔོན་སྦེ་གདན་འདྲེན་ཞུ་ནུག། ཁོ་་གིས་ ༡༩༦༣ ལུ་ བཀྲིས་བསྒང་ སློབ་གྲྭ་གཞི་བཙུགས་འབད་ཡོདཔ་དང་ ཤེས་རབ་རྩེ་ མི་མང་སློབ་གྲྭ་གཞི་བཙུགས་འབད་དེ་ཡོད་མི་དེ་ ད་རེས་ནངས་པ་ རྒྱལ་ཁབ་ནང་ལུ་ མཐོ་རིམ་སློབ་གྲྭ་སྦོམ་ཤོས་ཅིག་སྦེ་ཡོདཔ་ཨིན། དེ་གི་ཤུལ་ལས་ ཤེས་རིག་ལྷན་ཁག་ནང་ལུ་ ཤེས་རིག་གྲོས་དཔོན་གྱི་གོ་གནས་བརྩིས་ཏེ་ གཞན་གལ་གནད་ཅན་གྱི་གོ་གནས་ལེ་ཤ་ཅིག་བཞེས་ཏེ་ ཕྱག་ལཱ་གནང་ཡོདཔ་ཨིན།
ཕ་དར་མེ་ཀེ་གིས་ ང་བཅས་འབྲུག་རྒྱལ་ཁབ་ནང་ ཤེས་རིག་ལམ་ལུགས་གཞི་བཙུགས་འབད་མི་འདི་ མཐུན་མོང་མ་ཡིན་པ་ཅིག་ཨིནམ་དང་ ཁོ་ར་ཕུད་དོ་གཅིག་གིས་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་ འབྲུག་པའི་ན་གཞོན་ཕོ་མོ་ཚུའི་རྒྱུད་ལུ་ ཤེས་ཡོན་རྒྱ་བསྐྱེད་བཏང་གནང་ནུག། ཁོ་གི་སློབ་ཕྲུག་ཚུ་ཡང་ ཁོ་ར་བཟུམ་སྦེ་ སྤྱོད་ལམ་བཟང་པོ་དང་ རྒྱལ་ཁབ་ལུ་ ཤ་ཞེན་བསྐྱེད་མི་ཙང་ཙ་ཨིནམ་དང་ ཁོང་ཚུ་ ད་ལྟོ་བར་ན་ཡང་ རྒྱལ་ཁབ་ཀྱི་བདོག་གཏད་བཟུམ་ཅིག་སྦེ་ ལས་ཁུངས་ཁག་སོ་སོ་ཚུ་ནང་ལས་ཕར་ ཕྱག་ལཱ་གནང་སྟེ་ཡོདཔ་ཨིན། དེ་མ་ཚད་ཁོ་གིས་ འབྲུག་གི་ཤེས་རིག་ལམ་ལུགས་དེ་ དེང་སང་གི་ལམ་ལུགས་ནང་བཟོ་གནང་ཡོདཔ་དང་ འབྲུག་གི་ཤེས་རིག་ལམ་ལུགས་དེ་ སྔར་བ་ལྷགཔ་སྦེ་ ཡར་རྒྱས་བཏང་ནི་ནང་ལུ་ ཕྱག་ལཱ་གནང་བའི་བཀའ་དྲིན་དགའ་འཚོར་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ ༡༩༧༣ ལུ་ འབྲུག་ཐུགས་སྲས་ཀྱི་རྟག་མ་གནང་ཡོདཔ་དང་ སྤྱི་ལོ ༡༩༨༥ ལུ་ ཁོ་ལུ་འབྲུག་གི་མི་ཁུངས་ཡང་ཐོབ་ནུག། ཕ་དར་མེ་ཀེ་དེ་ ༡༩༩༥ ལུ་ བཤགས་སོ་ནུག།

༨. ཚེ་འདས་ སློབ་དཔོན་ ཨོམ་ཏོང་། (༡༩༤༥-༢༠༠༣)

ཚེ་འདས་ སློབ་དཔོན་ ཨོམ་ཏོང་འདི་ སྤྱི་ལོ ༡༩༤༥ ལུ་ བཀྲིས་སྒང་ བི་དུང་དགོན་པ་ལུ་ སྐྱེས་ནུག། སྤྱི་ལོ་ ༡༩༦༥ ལུ་ གཞུང་གཡོག་ནང་མ་འཛུལ་བའི་ཧེ་མ་ སློབ་དཔོན་ཨོམ་ཏོང་འདི་ སྒོམ་ཆེན་སྦེ་སྡོད་ནུག། མི་ལོ་ ༣༦ གྱི་རིང་ལུ་ ཕྱག་ལཱ་གནང་བའི་སྐབས་ སློབ་དཔོན་ཨོམ་ཏོང་གིས་ སྐུ་སྟོང་ཕྲག་ལྷགཔ་སྦེ་ བཞེངས་གནང་ཡོད་མི་ཚུ་ ད་ལྟོ་བར་ན་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞི་དང་ ལྷ་ཁང་དགོན་སྡེ་ ༣༥ དེ་ཅིག་ནང་ཡོདཔཨིན།
བུམ་ཐང་ཁུ་བྱུག་ལྷ་ཁང་དང་ རྒྱལ་ཡོངས་རྗེས་དྲན་མཆོག་རྟེན་ནང་ཡོད་མི་ བཀའ་དགོང་ཕུར་གསུམ་དང་ བར་མཚམས་ཕྱག་རྡོར་ལྷ་ཁང་ནང་ཡོད་མི་ ཕུར་པ་ཡབ་ཡུམ་ དེ་ལས་ བཀྲིས་སྒང་ རང་འབྱུང་འོད་སེལ་ཆོས་གླིང་ལྷ་ཁང་ནང་ཡོད་མི་ མཁན་སློབ་ཆོས་གསུམ་དང་ ཡོངས་ལ་དགོན་པ་ལུ་ཡོད་མི་ གྲོད་ལོ་སྟོང་གི་སྐུ་ རྟ་ལོག་ལྷ་ཁང་ནང་ལུ་ ཞབས་དྲུང་ འཇིགས་མེད་ རྡོ་རྗེ་གི་སྐུ་དང་ རྟ་ལོག་ སྤང་དཀར་པོ་ལྷ་ཁང་ནང་ལུ་ གུ་རུ་རྡོ་རྗེ་གྲོད་ལོའི་སྐུ་ དེ་ལས་ གཟི་ལུ་ཁ་ལྷ་ཁང་ནང་ལུ་ གྲུབ་ཐོབ་ཐང་མཐོང་རྒྱལ་པོའི་སྐུ་ དང་ ཕ་ཇོ་ལྡིང་ལྷ་ཁང་ནང་ གུ་རུ་ཐོག་བརྩེགས་ ད་རུང་ ཀྲོང་གསར་ཐ་པ་དགོན་པ་ལྷ་ཁང་ནང་ལུ་ བཅུ་གཅིག་ཞལ་དང་ ཕུན་ཚོགས་གླིང་ ཟངས་མདོག་དཔལ་རི་ལྷ་ཁང་ནང་ལུ་ གུ་རུ་མཚད་བརྒྱད་ སེག་གེ་རྫོང་ནང་ལུ་ སྒྲོལ་མའི་སྐུ་ཚུ་ག་ར་ སློབ་དཔོན་ཨོམ་ཏོང་གིས་བཞེངས་གནང་གནངམ་ཨིན་མས།
ཨོམ་ཏོང་གིས་ མཁྱེན་བརྩེ་རིན་པོ་ཆེའི་ཞལ་བཀོད་དང་འཁྲིལ་ཏེ་ ལྷ་ས་བསམ་ཡས་ལུ་ གུ་རུའི་སྐུ་ཉམས་བཅོས་འབད་བ་ཡང་སོང་ཡོདཔ་དང་ ཁོ་གིས་ རྒྱལ་ཁབ་དང་མི་སེར་ཚུ་གི་དོན་ལུ་ དུས་ནམ་ཡང་སེམས་ཁར་ལས་མ་བརྗེད་པའི་ཕྱག་ལཱ་ཚུ་གནང་ཡོདཔ་མ་ཚད་ འཇིམ་བཟོཔ་དང་ པརཔ་གཞན་ཚུ་ལུ་ཡང་ གྲོགས་རམ་ཚུ་གནང་ཡོདཔ་ཨིན། སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སློབ་དཔོན་ཨོམ་ཏོང་ལུ་ འབྲུག་ཐུགས་སྲས་ཀྱི་རྟག་མ་གནང་ཡོདཔ་ཨིན། སློབ་དཔོན་ཨོམ་ཏོང་འདི་ སྤྱི་ལོ་ ༢༠༠༠ ལུ་ སྤུ་ན་ཁ་རྫོང་ནང་ལུ་ ཕྱག་ལཱ་གནང་བཞུགས་པའི་སྐབས་ བཤགས་ཡོདཔ་དང་ ཁོ་ལུ་ ཨམ་སྲུ་དང་ཨ་ལོ་བཞི་ཡོདཔ་ཨིན་མས།

༩. བློན་པོ་ མཁའ་འགྲོ་དབང་ཕྱུག།

མི་རྗེ་ བློན་པོ་མཁའ་འགྲོ་དབང་ཕྱུག་མཆོག་ སྤྱི་ལོ་ ༡༩༥༠ ལུ་ སྤ་རོ་དོཔ་ཤ་རི་ལུ་སྐུ་འཁྲུངས་ནུག། བློན་པོ་མཆོག་ དར་ཇི་གླིང་ལུ་ཕྱག་དཔེ་གཟིགས་ཡོདཔ་དང་ རྒྱ་གར་གྱི་རྒྱལ་ས་ ནིའུ་དེ་ལི་ལུ་ཡོད་པའི་ སེནཊ་ ་ ཨིསི་ཊེ་པེནསི་ མཐོ་རིམ་སློབ་གྲྭ་ནང་ལས་ གཙུག་ལ་ཤེས་ཡོན་མཐའ་འཁྱོལ་ཡོདཔ་ཨིན། བློན་པོ་མཆོག་ དྲག་ཤོས་ དབྱངས་སྐྱིད་ ཊི་ དབང་ཕྱུག་དང་གཅིག་ཁར་གཉེན་སྦྱོར་མཛད་ཡོདཔ་ཨིན། སྤྱི་ལོ་ ༡༩༧༤ ལུ་ གཞི་གཡོག་ནང་ལུ་ འགོ་དང་པ་ ཕྱི་འབྲེལ་ལྷན་ཁག་ནང་འཛུལ་བཞུགས་གནང་བའི་ཤུལ་ལུ་ བསྟན་རྒྱས་ལྷན་ཁག་ནང་ལུ་ གནས་སོར་གནང་སྟེ་ ༡༩༧༤ ལུ་ དྲུང་ཆེན་འོག་མ་དང་ ༡༩༧༦ ལུ་ མདོ་ཆེན་འོག་མའི་གོ་གནས་བཞེས་གནང་ནུག། སྤྱི་ལོ ༡༩༧༨ ལུ་ བློན་པོ་མཆོག་ བཟོ་གྲྭ་གོང་འཕེལ་ལས་སྡེའི་ མདོ་ཆེན་འོག་མ་དང་ ༡༩༨༠ ལུ་ མདོ་ཆེན་གྱི་ཕྱག་འགན་བཞེས་གནང་ནུག།
དེའི་ཤུལ་ལས་ ༡༩༨༤ ལུ་ འབྲུག་བཟའ་སྤྱོད་ལས་འཛིན་ནང་ གནས་སོར་བཏང་ཡོདཔ་དང་ ༡༩༨༦ ལུ་ ས་ནམ་ལས་ཁུངས་ཀྱི་མདོ་ཆེན་དང་ ༡༩༨༧ ལུ་ ཡོངས་ཁྱབ་མདོ་ཆེན་ དེ་ལས་ ༡༩༨༩ ལུ་ དྲུང་ཆེན་མཛད་གནང་ནུག། སྤྱི་ལོ ༡༩༩༡ ལུ་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ཀྱི་ དྲུང་ཆེན་སྦེ་གནས་སོར་བཏང་ཡོདཔ་དང་ ༡༩༩༨ ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ནང་ལས་མི་རྗེ་ བློན་པོ་མཆོག་ བསྟན་རྒྱས་ལྷན་ཁག་གི་ བློན་པོ་སྦེ་ བཀོད་གནང་ནུག། བློན་པོ་མཆོག་ སྤྱི་ལོ་ ༢༠༠༠ ལས་ ༢༠༠༢ དང་ སྤྱི་ལོ་ ༢༠༠༦ ལས་ ༢༠༠༧ གྱི་བར་ན་ལུ་ བློན་ཆེན་ཚར་གཉིས་མཛད་ཡོདཔ་ཨིན། དེ་མ་ཚད་ མི་རྗེ་བློན་པོ་མཆོག་ འཆར་གཞི་ལྷན་ཚོགས་དང་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ འབྲུག་རྒྱལ་གཞུང་ཉེན་སྲུང་ལས་འཛིན་དང་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ སྲོལ་འཛིན་ལས་ཁུངས་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ཡང་ཨིན།
ད་གི་ཡང་མ་ཚད་ མི་རྗེ་ བློན་པོ་མཆོག་ འབྲུག་རྐང་རིལ་ཚོགས་པའི་སྲིད་འཛིན་དང་ མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་ ཆུ་ཁ་གློག་མེ་ལས་འཛིན་ ཀུ་རི་ཆུ་གློག་མེ་ལས་འཛིན་དང་ དར་ལ་གློག་མེ་ལས་འཛིན་ དཔལ་ལྡན་ རྩི་ས་དབང་འཛིན་དང་ གདུང་བསམ་རྩི་ས་དབང་འཛིན་ འབྲུག་ཕེ་རོ་ཨེ་ལོའིསི་ ལི་མི་ཊེཌ་དང་ ལཱ་གཡོག་ལྷན་ཚོགས་ འབྲུག་རྒྱལ་ཡོངས་དངུལ་ཁང་ དང་ འབྲུག་གློག་མེ་ལས་འཛིན་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཚུ་གི་ ཁྲི་འཛིན་ཡང་ཨིན་མས།
མི་རྗེ་བློན་པོ་མཆོག་གིས་ ཚོང་དང་བཟོ་གྲྭའི་མདོ་ཆེན་སྦེ་བཞུགས་པའི་སྐབས་ རྒྱ་གར་དང་ བང་ལ་དེཤི་རྒྱལ་ཁབ་གཉིས་དང་གཅིག་ཁར་ ཚོང་འབྲེལ་གྱི་མཐུན་ལམ་ཚུ་ ཡར་རྒྱས་བཏང་གནང་ཡོདཔ་དང་ འབྲུ་སྣ་དང་ ཚོད་བསྲེ་ ཤིང་འབྲས་ཚུ་བརྩིས་ཏེ་ དངུལ་ཐོག་གི་རིགས་ཚུ་ཡང་ རྒྱ་བསྐྱེད་བཏང་གནང་ནུག། རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ཀྱི་དྲུང་ཆེན་གྱི་ཕྱག་ལཱ་གནང་བའི་སྐབས་ བློན་པོ་མཆོག་གིས་ ད་ལྟོའི་ གཞི་གཡོག་ཆོས་རྒྱུགས་ཀྱི་ལམ་ལུགས་ གཞི་བཙུགས་གནང་ཡོདཔ་དང་ བསྟན་རྒྱས་ལྷན་ཁག་ནང་ཕྱག་ལཱ་གནང་བའི་སྐབས་ སྤ་ས་ཁ་བཟོ་གྲྭ་འཕྲུལ་ཁང་དང་ ལྟ་བཤལ་ལས་ཁུངས་ཚུ་ ཡར་རྒྱས་བཏང་གནང་ནུག། དེ་རུང་ བློན་པོ་མཆོག་གིས་ འབྲུག་གློག་མེ་ལས་འཛིན་ཡང་ གཞི་བཙུགས་གནང་ནུག།
མི་དབང་འབྲུག་རྒྱལ་བཞི་པའི་ བཀའ་སློབ་བཟང་པོའི་འོག་ལུ་ བློན་པོ་མཆོག་གིས་ རྒྱ་གར་དང་གཞན་ གྲོགས་རམ་བྱིན་མི་རྒྱལ་ཁབ་ཚུ་དང་ རྒྱལ་སྤྱིའི་ལས་སྡེ་ཚུ་དང་གཅིག་ཁར་མཐུན་ལམ་བཟོ་གནང་ཡོདཔ་དང་ ལྷོ་ཨེ་ཤི་ཡ་ ལུངས་ཕྱོགས་མཐུན་འབྲེལ་ཚོགས་པ་དང་ ཕྱོགས་རིགས་སྤང་བའི་ཚོགས་པ་ཚུ་ནང་ བཅའ་མར་གཏོགས་གནང་ནུག། བློན་པོ་མཆོག་ ༡༩༨༧ ལུ་ བུ་རས་དཔརཔོ་དང་ ༡༩༩༤ ལུ་ བཀབ་ནེ་ལི་ཝང་ཐོབ་ཡོདཔ་དང་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ ཚེས་ ༢ ལུ་ ཁྲང་མངའ་གསོལ་་གྱི་རྟག་མ་ཐོབ་ནུག།

༡༠. བློན་པོ་ ཀུན་བཟང་རྡོ་རྗེ།

མི་རྗེ་ བློན་པོ་ཀུན་བཟང་རྡོ་རྗེ་མཆོག་ ༡༩༥༡ ལུ་ མོང་སྒར་ ཕྱ་ལི་ལུ་ སྐུ་འཁྲུངས་ནུག། མོང་གསྒར་དང་བཀྲིས་སྒང་ལུ་ཕྱག་དཔེ་གཟིགས་པའི་ཤུལ་ལུ་ རྒྱ་གར་ ཀ་ལིམ་པོང་ལུ་ བྱོན་ཏེ་ སྒོ་ནོར་གསོ་སྐྱོང་ཆོས་ཚན་གྱི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུ་ལུ་ ༡༩༧༦ སྤྱི་ཟླ་དང་པའི་ནང་ འགོ་དང་པ་ གཞི་གཡོག་ནང་ སྒོ་ནོར་སྨན་པ་སྦེ་ ཕྱག་ལཱ་གནང་ནུག། སྤྱི་ལོ་ ༡༩༧༧ ལུ་ བློན་པོ་མཆོག་ སྒོ་ནོར་ལས་ཁུངས་ཀྱི་ ཞིབ་རོགས་མདོ་ཆེན་དང་ ༡༩༧༩ ལུ་ མདོ་ཆེན་འོག་མ་ དེ་ལས་ ༡༩༨༣ ལུ་ མཉམ་འབྲེལ་མདོ་ཆེན་དང་ ༡༩༨༦ ལུ་ མདོ་ཆེན་གྱི་ཕྱག་འགན་བཞེས་གནང་ནུག། ༡༩༩༡ ལུ་ མི་རྗེ་བློན་པོ་མཆོག་ ས་ནམ་ལྷན་ཁག་ནང་ལུ་ ཡོངས་ཁྱབ་མདོ་ཆེན་སྦེ་གནས་སོར་བཏང་སྟེ་ ༡༩༩༣ ལུ་ མཉམ་འབྲེལ་དྲུང་ཆེན་དང་ ༡༩༩༤ སྤྱི་ཟླ་བཞི་པའི་ནང་ལུ་ ས་ནམ་ལྷན་ཁག་གི་ དྲུང་ཆེན་མཛད་གནང་ནུག།
མི་རྗེ་བློན་པོ་ ཀུན་བཟང་རྡོ་རྗེ་མཆོག་ ༡༩༩༧ ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ ཚོགས་དཔོན་སྦེ་ བཙག་འཐུ་འབད་ཡོདཔ་དང་ ༡༩༩༨ ལུ་ ས་ནམ་བློན་པོ་སྦེ་ བཀོད་གནང་ནུག། བློན་པོ་མཆོག་གིས་ རྒྱལ་ཁབ་ལུ་ ཐ་དམ་ཚིག་དང་ ཤ་ཞེན་བསྐྱེད་གནང་བའི་དགའ་ཚོར་ལུ ༡༩༩༩ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཁྲི་མངས་གསོལ་གྱི་རྟག་མ་གནང་ནུག།

༡༡. བློན་པོ་ སངས་རྒྱས་དངོས་གྲུབ།

མི་རྗེ་ བློན་པོ་ སངས་རྒྱས་དངོས་གྲུབ་མཆོག་ ༡༩༥༣ ལུ་ སྤུ་ན་ཁ་ ནུབ་སྒང་ལུ་ སྐུ་འཁྲུངས་ཡོདཔ་དང་ བློན་པོ་མཆོག་ དྲག་ཤོས་ ཨོ་རྒྱན་རྡོ་རྗེ་དང་ ཡུམ་ཐུགས་རྗེ་གི་ སྲས་བོམ་ཤོས་ཨིན་མས། བློན་པོ་མཆོག་ ཀ་ལིམ་པོང་ལུ་ ཌི་ཨར་ ག་ར་ཧམསི་ ཧོམསི་དང་ ནིའུ་ དེ་ལི་ལུ་ཡོད་པའི་ ཨེསི་ཊི་ ཨིསི་ཊེ་ཕེནསི་ མཐོ་རིམ་སློབ་གྲྭ་ནང་ལས་ ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ ༡༩༧༦ ལུ་ གཞི་གཡོག་ནང་འཛུལ་བཞུགས་གནང་ནུག། མི་རྗེ་བློནཔོ་མཆོག་ ནིའུ་ཡོཀ་ལུ་ འབྲུག་གི་སྐུ་ཚབ་མཛད་ཡོདཔ་དང་ ནིའུ་དེ་ལི་ལུ་ འབྲུག་གི་གཞུང་ཚབ་ཡིག་ཚང་ནང་ དྲུང་ཆེན་གཉིས་པ་སྦེ་ཕྱག་ལཱ་གནང་ནུག། སྤྱི་ལོ ༡༩༨༩ ལུ་ ཀུ་ཝེཊ་ལུ་ འབྲུག་གི་གཞུང་ཚབ་སྦེ་བྱོན་ཡོདཔ་དང་ད ལོ་དེ་ནང་རང་ བསྟན་རྒྱས་ལྷན་ཁག་གི་ མདོ་ཆེན་གྱི་ཕྱག་འགན་བཞེས་ནུག།
སྤྱི་ལོ ༡༩༩༡ ལུ་ བློན་པོ་མཆོག་ འཆར་གཞི་ལྷན་ཚོགས་ཀྱི་ མཉམ་འབྲེལ་མདོ་ཆེན་དང་ ༡༩༩༢ ལུ་ གསོ་བའི་ལྷན་ཁག་གི་ མདོ་ཆེན་དང་ ༡༩༩༤ ལུ གསོ་བའི་ལྷན་ཁག་གི་ དྲུང་ཆེན་སྦེ་བཀོད་གནང་ནུག། སྤྱི་ལོ ༡༩༩༥ ལུ་ གསོ་བ་དང་ཤེས་རིག་ལྷན་ཁག་གི་དྲུང་ཆེན་མཛད་ཡོདཔ་དང་་ མི་རྗེ་བློན་པོ་མཆོག་ ༡༩༨༧ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༤ ལུ་ མི་དབང་འབྲུག་རྒྱས་བཞི་པ་མཆོག་གིས་ བུ་རས་དམརཔོ་གནང་ནུག། སྤྱི་ལོ ༡༩༩༨ ལུ་ གསོ་བ་དང་ཤེས་རིག་ལྷན་ཁག་གི་ བློན་པོ་འོག་མ་མཛད་ཡོདཔ་དང་ སྤྱི་ལོ་ ༢༠༠༣ ལུ་ ས་ནམ་བློན་པོ་སྦེ་བཀོད་གནང་ནུག། མི་རྗེ་བློན་པོ་མཆོག་གིས་ ས་ནམ་དང་ གསོ་བ་དེ་ལས་་ ཤེས་རིག་གི་ལམ་ལུགས་ཚུ་གོང་འཕེལ་བཏང་ནི་ལུ་ ཐུགས་བརྩོན་སྦོམ་གནང་ཡོད་པའི་ངོ་བསྟོད་ལུ་ སྤྱི་ལོ ༡༩༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་འབྲུག་ཐུགས་སྲས་དང་ ཁྲི་མངའ་གསོལ་གྱི་རྟག་མ་གནང་ནུག།

༡༢.བློན་པོ་ བསོད་ནམས་སྟོབས་རྒྱས།

མི་རྗེ་ བློན་པོ་ བསོད་ནམས་སྟོབས་རྒྱས་མཆོག་ ༡༩༤༩ ལུ་ སྐུ་འཁྲུངས་ཡོདཔ་དང་ ཀ་ལིམ་པོང་ལུ་ ཌི་ཨར་ ག་ར་ཧམསི་ ཧོམསི་ ནང་ལས་ ཕྱག་དཔེ་གཟིགས་ཞིནམ་ལས་ གཞི་གཡོག་ནང་འགོ་དང་པ་ མི་དབང་འབྲུག་རྒྱལ་གསུམ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ གཟིམ་དཔོན་སྦེ་ ཕྱག་ཞུ་ནུག། སྤྱི་ལོ་ ༡༩༧༤ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བུ་རས་དམརཔོ་གནང་སྟེ་ གསོལ་དཔོན་སྦེ་བཀོད་གནང་ནུག། མི་རྗེ་བློན་པོ་མཆོག་ ཁྲིམས་ལུགས་ཀྱི་ཡོན་ཏན་དང་ལྡན་མི་གཅིག་ཨིནམ་ལས་ ༡༩༨༠ ལུ་ ཁྲིམས་ཁང་གོང་མ་ནང་ལུ་ དྲང་དཔོན་སྦེ་བཀོད་གནང་ནུག། མི་རྗེ་བློན་པོ་མཆོག་གིས་ ཨསི་ཊ་ལི་ཡ་ལུ་ ཁྲིམས་ལུགས་དང་ འགྲོ་བ་མིའི་དབང་ཆ་ དེ་ལས་ ཁྲིམས་འགལ་གྱི་ལམ་ལུགས་ཚུ་གི་སྐོར་ལས་དང་ ཤེས་ཡོན་སྦྱང་བརྩོན་གནང་ཡོདཔ་དང་ ཡུ་ནའི་ཊེཌ་ ཀིང་ཌོམ་ལུ་ གཞུང་གི་ ཁྲིམས་ལྡན་ གྲོས་དཔོན་གྱི་ སློབ་སྦྱོང་ཡང་གནང་ནུག། སྤྱི་ལོ་ ༡༩༨༦ ལས་ ༡༩༩༡ ཚུན་ཚོད་ལུ་ བློན་པོ་མཆོག་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་དང་ རྩིས་ཞིབ་སྤྱི་ཁྱབ་ཀྱི་ཕྱག་འགན་བཞེས་གནང་ནུག།
བློན་པོ་མཆོག་གིས་ མི་དབང་འབྲུག་རྒྱལ་བཞི་པའི་ སྲིད་བྱུས་ཚུ་ དྭངས་གསལ་དང་ འགན་འཁྲི་ཅན་སྦེ་འོང་ནིའི་དོན་ལུ་ ཁྲིམས་ལུགས་ཚུ་བརྩམས་གནང་ཡོདཔ་དང་ ༡༩༩༡ ལུ་ འབྲུག་གི་ ཁྲིམས་སྤྱི་བློན་པོའི་ ཕྱག་འགན་བཞེས་ཏེ་ ཁྲིམས་ལུགས་གོང་འཕེལ་བཏང་ནི་དང་ འབྲུག་གི་ རྩ་ཁྲིམས་ཟིན་བྲིས་ཚོགས་པའི་ཁྲི་འཛིན་ཡང་མཛད་གནང་ནུག། མི་རྗེ་བློན་པོ་མཆོག་གིས་ རྒྱལ་ཁབ་ལུ་ ཐ་དམ་ཚིག་སྟོན་ཏེ་ ཕྱག་ཞུ་བའི་ དགའ་ཚོར་ལུ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཁྲི་མངའ་གསོལ་གྱི་རྟག་མ་གནང་ནུག།

༡༣. བློན་པོ་ ཕྲིན་ལས་ རྒྱ་མཚོ།

མི་རྗེ་ བློན་པོ་ ཕྲིན་ལས་རྒྱ་མཚོ་མཆོག་ སྤྱི་ལོ ༡༩༥༢ སྤྱི་ཟླ་ ༣ པའི་་ཚེས་ ༡ ལུ་ བཀྲིས་སྒང་ ཚང་ཁར་ལུ་ སྐུ་འཁྲུངས་ཡོདཔ་དང་ བློན་པོ་མཆོག་ ཨམ་ སྐལ་བཟང་ སྒྲོལ་མ་དང་གཅིག་ཁར་གཉེན་སྦྱོར་མཛད་དེ་ ཁོ་ལུ་ སྲས་གཅིག་དང་སྲསམོ་གཉིས་ཡོདཔ་ཨིན། བཀྲིས་སྒང་ སློབ་གྲྭ་ནང་ ཆུང་རིམ་ཤེས་ཡོན་སྦྱང་ཞིནམ་ལས་ རྒྱ་གར་ གོ་ཧ་ཊི་ ཌོན་ བོས་ཀོ་ སློབ་གྲྭ་ཆེ་བ་ནང་ལུ་ འབྲིང་རིམ་སློབ་གྲྭའི་ཤེས་ཡོན་ སྦྱང་བརྩོན་གནང་སྟེ་ ༡༩༦༩ ལུ་ དར་ཇི་གླིང་གི་ སེནཊ་ ཨིསི་ཊེ་པེནསི་ མཐོ་རིམ་སློབ་གྲྭ་ནི་ལས་ གཙུག་ལ་གཞི་རིམ་གྱི་ཤེས་ཡོན་སྦྱང་གནང་ནུག། དེ་གི་ཤུལ་ལས་ ༡༩༧༦ ལུ་ ནིའུ་ཟི་ ལེནཌི་ལུ་ ཡོད་མི་ ཝེ་ལིང་ཊོན་ གཙུག་ལ་ སློབ་སྡེ་ནང་ལས་ ཚོང་འབྲེལ་དང་བདག་སྐྱོང་གི་མཐོ་རིམ་ ཤེས་ཡོན་མཐར་འཁྱོལ་ནུག། བློན་པོ་མཆོག་ ༡༩༧༧ ལས་ ༡༩༨༥ ཚུན་ཚོད་ལུ་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་འོག་མ་སྦེ་ཕྱག་ལཱ་གནང་ཡོདཔ་དང་ ༡༩༨༥ ལས་ ༡༩༨༦ ཚུན་ཚོད་ ཤེས་རིག་ལས་ཁུངས་ཀྱི་ མདོ་ཆེན་དང་ ༡༩༨༧ ལུ་ དངུལ་རྩིས་ལྷན་ཁག་འོག་གི་ རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ཀྱི་ མདོ་ཆེན་དང་ ༡༩༨༨ ལས་ ༡༩༩༥ ཚུན་ཚོད་ལུ་ ཤེས་རིག་ལས་ཁུངས་ཀྱི་ མདོ་ཆེན་དང་ ཡོངས་ཁྱབ་མདོ་ཆེན་ དེ་ལས་ དྲུང་ཆེན་སྦེ་ ཕྱག་ལཱ་གནང་ནུག། བློན་པོ་མཆོག་གིས་ ༡༩༩༦ ལས་ ༡༩༩༨ ཚུན་ཚོད་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ཀྱི་ བློན་པོ་འོག་མའི་ཕྱག་འགན་ བཞེས་ཡོདཔ་དང་ གཞུང་སྐྱོང་གི་བློན་པོ་་ བཙག་འཐུ་འབད་བའི་སྐབས་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་གིས་ བློན་པོ་ ཕྲིན་ལས་ རྒྱ་མཚོ་དེ་ ཤེས་རིག་བློན་པོ་སྦེ་ བཙག་འཐུ་གནང་ནུག། སྤྱི་ལོ ༡༩༩༩ སྤྱི་་ཟླ་ ༦ པའི་ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་་སེང་གེ་དབང་ཕྱུག་མཆོག་ལས་ ཁྲི་མངས་གསོལ་གྱི་རྟག་མ་ཐོབ་ནུག།

༡༤.ཚེ་འདས་ ཇི་ ཨེན་ ར་འོ། (༡༩༢༦-༢༠༠༢)

ཚེ་འདས་ ཇི་ཨེན་ ར་འོ་དེ་ ༡༩༢༦ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༦ ལུ་ སྐྱེ་ནུག། ཁོ་གིས་འགོ་དང་པ་ འབྲུག་ལུ་ ༡༩༧༧ ལུ་ རྒྱལ་ཁབ་ཀྱི་ལས་འགུལ་ སྦོམ་ཤོས་གཅིག་ཨིན་མི་ ཆུ་ཁ་གློག་མེ་ལས་འཛིན་གྱི་ ལྟ་རྟོགཔ་ བཟོ་དཔོན་སྦེ་ ཕྱག་ལཱ་གནང་ཡོདཔ་དང་ ༡༩༧༩ ལུ་ ལས་འགུལ་དེའི་ སྤྱི་ཁྱབ་ བཟོ་དཔོན་གྱི་ གོ་གནས་བཞེས་གནང་ནུག། དེ་གི་ཤུལ་ལས་ ༡༩༨༣ ལུ་ ལས་འགུལ་གྱི་ ཡོངས་ཁྱབ་མདོ་ཆེན་མཛད་ཡོདཔ་དང་ ༡༩༨༤ ལུ་ དགོངམ་ཞུ་ནིའི་དུས་ཚོད་ལང་སོ་རུང་ འབྲུག་གཞུང་གིས་ ཇི་ཨེན་ ར་འོ་དེ་ ལོག་དེ་རང་ རྒྱ་འབྲུག་མཐུན་འབྲེལ་གྱི་ རྟགས་མཚན་ངོ་མ་གཅིག་ཨིན་མི་ ཆུ་ཁ་ གློག་མེ་ལས་འཛིན་གྱི་ འགོ་དཔོན་སྦེ་ བཀོད་གནང་ཡོདཔ་དང་ ༡༩༩༩ ལུ་ གོ་གནས་འདི་ལས་ དགོངས་ཞུ་མཛད་ནུག། ཇི་ཨེན་ ར་འོ་ གིས་ འགོ་དང་པ་ ༡༩༥༤ ལུ་ ཨ་མཱད་ན་གར་ལུ་ ཡན་ལག་སྡེ་ཚན་ཚུ་གི་ འགོ་དཔོན་སྦེ་ ཕྱག་ལཱ་གནང་ཡོདཔ་དང་ ཁོ་གིས་ ཆུ་དང་ གློག་མེ་ཚུ་དང་འབྲེལ་བ་ ཡོད་པའི་ གལ་གནད་ཅན་གྱི་ལས་འགུལ་ཚུ་ནང་ ཕྱག་ལཱ་གནང་ནུག། ཁོ་གིས་ ནེ་པཱལ་ལུ་ཡོད་མི་ ཊིརི་སུ་ལི་གློག་མེ་ལས་འཛིན་དང་ རྒྱ་གར་ལུ་ ཕ་ར་ཀ་ བེ་རེཇ་ ལས་འགུལ་ཚུ་ནང་ཕྱག་ལྱ་གནང་ཡོདཔ་དང་ ཁོ་ལུ་ རྒྱ་གར་གྱི་ སྲིད་འཛིན་གྱིས་ པད་པ་ཤིརི་གནང་ཡོདཔ་མ་ཚད་ ཁོ་གིས་ འབྲུག་རྒྱལ་ཁབ་གྲོགས་རམ་མཛད་གནང་བའི་ བཀྲིན་དགའ་འཚོར་ལུ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་གནང་ནུག། ཇི་ཨེན་ར་འོ་དེ་ སྤྱི་ལོ ༢༠༠༢ སྤྱི་ཟླ་ ༧ པའི་སྤྱི་ ༢༤ ལུ་ རྒྱ་གར་ བེང་ལོར་ལུ་ ཚེ་ལས་འདས་ནུག།

༡༥. སྨན་གཡོགམོ་ པ་སངས་དབང་མོ།

སྤ་སངས་དབང་མོ་གིས་ སྐྱེ་ལོ་ ༡༢ ལས་ ཐིམ་ཕུ་ སྨན་ཁག་ནང་ སྨན་གཡོགམ་ སྦེ་ལཱ་འབད་ནི་འགོ་བཙུགས་ནུག། དེ་བསྒང་ སློབ་སྦྱོང་པ་ཚུ་ལུ་ ད་རེས་ནངས་པ་བཟུམ་སྦེ་ སྦྱོང་བརྡར་ཚུ་ བྱིན་སྲོལ་མེདཔ་དང་ ཁོང་ཚུ་ལུ་ ཤེས་ཡོན་ཟེར་རུང་ དྲུང་འཚོ་ཚུ་གིས་ ནདཔ་བཞག་ས་ཚུ་ནང་ལས་ཕར་ ནདཔ་ཚུ་ ལྟ་རྟོག་འབད་མི་ཚུ་ལུ་ རྟག་ཞིབ་འབད་དེ་ ལྷབ་མི་རྐྱངམ་ཅིག་ཨིན་མས།མོ་གིས་ སྨན་ཁང་ནང་ལུ་ དྲོ་པ་ ཆུ་ཚོད་ ༧.༣༠ ལས་འགོ་བཙུགས་ཏེ་ ནདཔ་བཞག་ས་དང་ ཆབ་གསང་ཚུ་ ཕྱག་བརྡར་རྐྱབ་ནི་ ནདཔ་ཚུ་ལུ་ བཞེས་སྒོ་བྱིན་ནི་དང་ དཀའ་ངལ་ཚུ་སེལ་ནི་ གཞན་ཡང་ སྨན་ཁང་གི་ ཆ་ཆས་ཚུ་ཆུ་འཁྱུ་ཏེ་ ཧིང་སངས་ས་བཞག་ནི་གི་ལཱ་ཚུ་ འབད་ཡོདཔ་དང་ མི་གི་རོ་ཚུ་ རོ་ཁང་ནང་བསྐྱལ་ནི་གི་ལཱ་ཚུ་ཡང་འབད་ནུག། མོ་ལུ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཐོབ་ནུག།

༡༦. སེང་གེ་ རྣམ་རྒྱལ།

སེང་གེ་ རྣམ་རྒྱལ་འདི་ ༡༩༦༡ ལུ་ པདྨ་དགའ་ཚལ་ མཁར་ལུ་ སྐྱེ་་ཡོདཔ་དང་ ཁོ་གིས་ ཤེས་ཡོན་ཚུ་ གཡུ་རུང་ སློབ་གྲྭ་ཆུང་བ་ནང་ལས་ སྦྱང་བརྩོན་གནང་ནི་འགོ་བཙུགས་གནང་ནུག།དེ་གི་ཤུལ་ལས་ བཀྲིས་སྒང་དང་ སར་སྤང་ལུ་ ཤེས་ཡོན་སྦྱང་པ་སོང་ནུག། ཁོ་ ཐེར་མོ་དང་གཅིག་ཁར་གཉེན་སྦྱོར་མཛད་ཡོདཔ་དང་ ཁོ་ལུ་ ཨ་ལོ་ བུམ་གཅིག་ཡོདཔ་ཨིན། ལོ་གཉིས་ཀྱི་རིང་ལུ་ སྤ་རོ་ ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ སློབ་དཔོན་གྱི་སྦྱོང་བརྡར་གནང་ཡོདཔ་དང་ ཡུ་ཨེསི་ཨེ་ ལས་ དམིགས་བསལ་ ཤེས་ཡོན་ནང་ལུ་ གཙུག་ལ་འོག་མའི་ཤེསཚད་ཀྱི་ སྦྱོང་བརྡར་གནང་ནུག། དེ་གི་ཤུལ་ལས་ བསམ་རྩེ་ ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལས་ གཙུག་ལག་གཞི་རིམ་ ཤེས་ཡོན་མཐར་འཁྱོལ་ཞིནམ་ལས་ སྤྱི་ལོ་ ༢༠༠༡ ལུ་ ནིའུ་ ཨིང་ལུནཌི་ གཙུག་ལག་སློབ་སྡེ་ནང་ལས་ ཤེས་རིག་ནང་ལུ་ གཙུག་ལག་མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་ཞིནམ་ལས་ ད་རེས་ནངས་པ་ ནང་དོན་རིག་པའི་ མཁས་དབང་གི་ ཤེས་ཡོན་སྦྱང་བརྩོན་གནང་དོ་ཡོདཔ་ཨིན།སྤྱི་ལོ་ ༡༩༨༠ ལས་ ༡༩༨༧ གྱི་རིང་ལུ་ སེང་གེ་རྣམ་རྒྱལ་དེ་ ཁ་གླིང་ རྒྱལ་ཡོངས་མུན་སེལ་སློབ་གྲྭའི་ སློབ་དཔོན་ཨིནམ་དང་ ༡༩༩༠ ལུ་ ཀ་ལི་ཁོ་ལ་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་གོངམ་ཨིནམ་དང་ ལོ་དེ་ནང་ར་ སྤ་རོ་སློབ་གྲྭ་ཆེ་བའི་ དབུ་འཛིན་སྦེ་ གནས་སོར་བཏང་ནུག། སྤྱི་ལོ་ ༡༩༩༣ ལས་ ༡༩༩༩ ཚུན་ཚོད་ སེམས་རྟོགས་ཁ་ སྐད་ཡིག་དང་ ལམ་སྲོལ་སློབ་སྦྱོང་ལྟེ་བའི་དབུ་འཛིན་མཛད་ཡོདཔ་དང་ སྤྱི་ལོ་ ༢༠༠༡ ལས་ ༢༠༠༣ ཚུན་ཚོད་ བཀྲིས་སྒང་གི་ རྫོང་ཁག་ ཤེས་རིག་འགོ་དཔོན་གྱི་ཕྱག་འགན་བཞེས་གནང་ནུག། དེ་གི་ཤུལ་ལས་ ཤེས་རིག་ལྷན་ཁག་འོག་གི་ གཞི་རྟེན་དང་ འཕྲོ་མཐུད་ཤེས་ཡོན་གྱི་ མཉམ་འབྲེལ་མདོ་ཆེན་མཛད་གནང་ཡོདཔ་དང་ སྤྱི་ལོ་ ༢༠༠༥ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ གཙུག་ལག་སློབ་གྲྭའི་ཆོས་ཚན་ལས་ཁུངས་ཀྱི་འགོ་འཛིན་སྦེ་ ཕྱག་ལཱ་གནང་ཡོདཔ་དང་ ལོ་གཉིས་ཀྱི་ཤུལ་ལས་ སྤྱི་ལོ་ ༢༠༠༧ སྤྱི་ཟླ་ དགུ་པའི་ནང་ ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་ མདོ་ཆེན་སྦེ་བཀོད་གནང་ནུག། སེང་གེ་རྣམ་རྒྱལ་གྱིས་ སེམས་རྟོགས་ཁ་ སྐད་ཡིག་དང་ ལམ་སྲོལ་སློབ་སྦྱོང་ལྟེ་བའི་དོན་ལུ་ རྩ་གཞུང་ཚུ་བརྩམ་གནང་ཡོདཔ་་དང་ ཤེས་རིག་གི་ ཡིག་ཆ་ཡང་ ལེ་ཤ་ཅིག་ སྐད་བསྒྱུར་གནང་ནུག། ཤེས་རིག་ལྷན་ཁག་དང་ ལས་སྡེ་གཞན་ཚུ་ནང་ བཀོད་ཚོགས་དང་ ཚོགས་ཆུང་མང་རབས་ཅིག་གི་འཐུས་མི་འབད་བའི་སྐབས་ འཆར་གཞི་དང་ སྲིད་བྱུས་ཚུ་བརྩམ་གནང་ཡོདཔ་དང་ སེང་གེ་རྣམ་རྒྱལ་དེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ རྫོང་ཁ་ མཁས་མཆོག་ཚོགས་པ་དང་ འབྲུག་རྒྱལ་གཞུང་གཙུག་ལ་སློབ་སྡེའི་ ཤེས་ཡོན་བཀོད་ཚོགས་ལ་སོགས་པའི་ བཀོད་ཚོགས་དང་ཚོགས་ཆུང་ལེ་ཤ་ཅིག་གི་འཐུས་མི་ཡང་མཛད་གནང་ནུག། དེ་གི་ཡང་མ་ཚད་ཁོ་གིས་ ཤེས་རིག་གི་ རྩོམ་བྲིས་དང་ ཀི་དེབ་ཡང་ལེ་ཤ་ཅིག་ བྲིས་གནང་ཡོདཔ་དང་ སྤྱི་ལོ་ ༡༩༨༤ ལས་ ༡༩༨༦ ཚུན་ཚོད་ལུ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ རྫོང་ཁ་ འབུར་ཡིག་ འབྲི་ནིའི་ལམ་ལུགས་ཅིག་ཡང་བརྩམགནང་མི་ལུ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཐོབ་ནུག།

༡༧. བསྟན་པ།

བསྟན་པ་འདི་ ཆུ་ཁ་རྫོག་ཁག་ མེ་བི་ས་ལས་ཨིནམ་དང་ ཁོ་ཆུང་ཀུ་བསྒང་ལས་རང་ རྐང་རིལ་དང་ལག་རིལ་ མདའ་ལ་སོགས་པའི་རྩེདམོ་ཚུ་ལུ་ གནམ་མེད་ས་མེད་སྤྲོ་བ་ཡོད་མི་ཅིག་ཨིན་མས། སྐྱེ་ལོ་ ༡༢ ལངམ་ད་ལུ་ གློ་བུར་གྱི་རྐྱེན་ངན་གཅིག་ལུ་བརྟེན་ཏེ་ རྐངམ་གཡོནམ་དེ་ མེདཔ་ཐལ་ཡོདཔ་ལས་ ཤེས་ཡོན་འཕྲོ་མཐུད་དེ་ སྦྱང་མ་ཚུགས་པ་མ་ཚད་ ཁོ་གི་ ཆ་རོགས་དང་སྤུན་ཆ་ཚུ་གི་ཁོ་ལུ་ དམའ་ཕབ་རྐྱབ་ ཡོདཔ་དང་ དེ་བསྒང་ ཁོ་གིས་ མདའ་རྩེ་ནི་ལུ་ སྤྲོ་བ་བསྐྱེད་ནུག། སྐྱེ་ལོ་ ༡༦ ལུ་ ཐིམ་ཕུ་ལུ་ རྐངམ་སྨན་བཅོས་འབད་བ་འོང་ཡོདཔ་དང་ ཟླཝ་གསུམ་གྱི་རྒྱབ་ལས་ ཀལ་ཀ་ཊ་ལུ་ བཏང་ཏེ་ ལོག་ལྷོད་ཞིནམ་ལས་ ཐིམ་ཕུ་ གྲོང་སྡེ་ལས་འཛིན་ནང་ལུ་ ཇོ་བདག་མེད་པའི་སྒོ་ནོར་སེམས་ཅན་ཚུ་ ཁྲོམ་གྱི་ས་ཁོངས་ནང་འཛུལ་མ་བཅུག་པ་བཞག་ནིའི་དོན་ལུ་ སྲུང་རྒྱབ་སྦེ་ ལཱ་འབད་སྡོད་ནུག། ཁོ་ མདའ་རྐྱབ་ནི་ལུ་ གནམ་མེད་ས་མེད་སྤྲོ་བ་བསྐྱེད་དེ་སྡོདཔ་ལས་ ལཱ་འབད་བ་ཡང་དུས་ཚོད་ཁར་ལྷོད་མ་ཚུགསཔ་ལས་ གཡོག་ནང་ལས་ བཏོན་བཏང་དེ་ར་འབད་རུང་ ཁོ་རྒྱལ་ཁབ་ནང་ མདའ་རྩེདཔ་ ཨང་གཉིས་པ་ཐོན་ཡོདཔ་ལས་ འབྲུག་ ཨོ་ལོམ་པིཀ་ཚོགས་པ་ནང་ ཚུད་ནུག། ༡༩༨༩ ལུ་ བསྟན་པ་འདི་ འབྲུག་གི་ རྒྱལ་སྤྱིའི་ མདའ་རྩེའི་ སྡེ་ཚན་གྱི་གྲངས་སུ་ བཙག་འཐུ་འབད་ནུག། ཁོ་གིས་ ༡༩༨༩ ལུ་ ཇ་པཱན་ལུ་ ལྷོ་པེ་སི་ཕིཀ་ དབང་པོ་སྐྱོན་ཅན་གྱི་རྩེད་འགྲན་ནང་བཅའ་མར་གཏོགས་ཡོདཔ་དང་ བེ་ཇིང་ལུ་ རྩེད་འགྲན་འབད་བའི་སྐབས་ ཁོ་གིས་ ཨང་ལྔ་པ་ཐོན་ནུག། ༡༩༩༣ ལུ་ ཀལ་ཀ་ཊ་ལུ་ རྩེད་འགྲན་འབདཝ་ད་ལུ་ ཁོ་གིས་དངུལ་གྱི་རྟགས་མ་ཐོབ་ཡོདཔ་དང་ དེ་གི་ཤུལ་ལས་ གསེར་གྱི་རྟགས་མ་ཚུ་ཡང་ཐོབ་ནུག།དེ་གི་ཡང་མ་ཚད་ ཁོ་གིས་ སིཌ་ནི་ལུ་ ༢༠༠༠ ཨོ་ལོམ་པིཀསི་ནང་ཡང་ རྩེད་འགྲན་འབད་ཡོདཔ་དང་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཐོབ་ནུག།

༡༨. བློན་པོ་ ཡེ་ཤེས་སྦྱིན་པ།

མི་རྗེ་ བློན་པོ་ ཡེ་ཤེས་སྦྱིན་པ་མཆོག་ སྤྱི་ལོ་ ༡༩༥༢ ལུ་ འཁྲུངས་ཡོདཔ་དང་ བློན་པོ་མཆོག་ སྤུ་ན་ཁ་ ཨོམ་ལ་འདབ་མ་ལས་ཨིན་མས། སྤྱི་ལོ་ ༡༩༦༩ ལུ་ རྒྱ་གར་གྱི་ སེནཊ་ ཇོ་སེཕསི་ སློབ་གྲྭ་ནང་ལས་ སློབ་གྲྭ་ཆེ་བའི་སྐུ་ཡོན་མཐར་འཁྱོལ་ཡོདཔ་དང་ ༡༩༦༩ ལུ་ དཔལ་འབྱོར་ཆོས་ཚན་ནང་ གཙུག་ལག་གཞི་རིམ་གྱི་སྐུ་ཡོན་མཐར་འཁྱོལ་གནང་ནུག། དེའི་ཤུལ་ལས་ ༡༩༧༦ ལུ་ ཡུ་ཨེསི་ཨེ་ གི་ ཝིསི་ཀོན་སིན་ གཙུག་ལག་སློབ་སྡེ་ནང་ལས་ དཔལ་འབྱོར་གྱི་ གཙུག་ལག་མཐོ་རིམ་ སྐུ་ཡོན་མཐར་འཁྱོལ་གནང་ཡོདཔ་དང་ གཞི་གཡོག་ནང་འགོ་དང་པ་ ༡༩༧༦ ལུ་ གོང་འཕེལ་ ལྷན་ཁག་ནང་འཛུལ་བཞུགས་གནང་ཡོདཔ་དང་ ༡༩༧༧ ལུ་ འཆར་གཞི་ལྷན་ཚོགས་ནང་ འཆར་གཞི་འགོ་དཔོན་སྦེ་གནས་སོར་གནང་ནུག།
སྤྱི་ལོ་ ༡༩༧༩ ལུ་ དངུལ་རྩིས་ལྷན་ཁག་གི་ དྲུང་ཆེན་མཛད་ཡོདཔ་དང་ ༡༩༨༢ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གཞི་བཙུག་འབད་བའི་སྐབས་ལུ་ འཛིན་སྐྱོང་མདོ་ཆེན་གྱི་ཕྱག་འགན་ཞེས་པའི་ཤུལ་ལུ་ བསྟན་རྒྱས་ལྷན་ཁག་གི་ མདོ་ཆེན་སྦེ་གནས་སོར་བཏང་ཡོདཔ་དང་ དེའི་ཤུལ་ལས་ འཆར་གཞི་ལྷན་ཚོགས་ཀྱི་ མཉམ་འབྲེལ་དྲུང་ཆེན་སྦེ་ ཕྱག་ལཱ་མཛད་བཞུགས་ནུག། སྤྱི་ལོ་ ༡༩༩༡ ལུ་ དངུལ་རྩིས་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་སྦེ་བཀོད་གནང་ཡོདཔ་དང་ སྤྱི་ལོ་ ༡༩༩༤ སྤྱི་ཟླ་ ༧ པའི་ནང་ བློན་པོ་མཆོག་ དངུལ་རྩིས་དྲུང་ཆེན་མཛད་གནང་ནུག། སྤྱི་ལོ་ ༡༩༩༡ སྤྱི་ཟླ་ དང་པའི་སྤྱི་ཚེས་ ༣ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བུ་རས་དམརཔ་གནང་ཡོདཔ་དང་ ༡༩༩༨ ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ནང་ལས་ དངུལ་རྩིས་བློན་པོ་སྦེ་ བཙག་འཐུ་བསྒྲུབས་གནང་ཡོདཔ་མ་ཚད་ སྤྱི་ལོ ༢༠༠༣ ལུ་ བསྟན་རྒྱས་བློན་པོ་སྦེ་ བཙག་འཐུ་བསྒྲུབས་གནང་ནུག། བློན་པོ་མཆོག་ ༡༩༩༩ སྤྱི་ཟླ་ ༦ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཐོབ་ནུག།

༡༩. བློན་པོ་ འཇིགས་མེད་ འོད་ཟེར་ཕྲིན་ལས།

མི་རྗེ་ བློན་པོ་ མཆོག་ སྤྱི་ལོ་ ༡༩༥༢ ལུ་ བུམ་ཐང་ལུ་ སྐུ་འཁྲུངས་ཡོདཔ་དང་ ཀ་ལིམ་པོང་ལུ་ཡོད་པའི་ ཌི་ཨར་ ག་ར་ཧམསི་ ཧོམསི་ ནང་ལས་སྐུ་ཡོན་སྦྱང་ནི་འགོ་བཙུགས་གནང་ཏེ་ སེནཏ་ ཨིསི་ཊེ་ཕེནི་་སློབ་གྲྭ་ནང་ལས་ མཐོ་རིམ་སྐུ་ཡོན་ མཐར་འཁྱོལ་གནང་ནུག། དེའི་ཤུལ་ལས་ ཡུ་ཨེསི་ཨེ་ གི་ པེན་ ཨིསི་ཊེཊ་ གཙུག་ལག་སློབ་སྡེ་ནང་ལས་ མི་མང་བདག་སྐྱོང་ནང་ གཙུག་ལག་མཐོ་རིམ་སྐུ་ཡོན་མཐར་འཁྱོལ་ཞིནམ་ལས་ གཞི་གཡོག་ནང་འགོ་དང་པ་ ༡༩༧༤ ལུ་ འཛུལ་བཞུགས་གནང་བའི་ཤུལ་ལུ་ མི་ལོ་ ༣༤ གི་རིང་ལུ་ ལྷན་ཁག་དང་ལས་ཁུངས་ ལེ་ཤ་ཅིག་ནང་ ཕྱག་ལཱ་གནང་ནུག། བློན་པོ་མཆོག་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ཀྱི་འགོ་དཔོན་དང་ ཤེས་རིག་ལྷན་ཁག་གི་ མདོ་ཆེན་ ནིའུ་ཡོཀ་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་སྐུ་ཚབ་ ཨིནམ་དང་ སྤྱི་ལོ་ ༡༩༨༧ ལུ་ མི་རྗེ་བློན་པོ་མཆོག་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བུ་རས་ དམརཔོ་གནང་ཡོདཔ་དང་ ༡༩༩༤ ལུ་ ཇེ་ནི་བ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་གཏན་རྒྱགས་ཀྱི་ སྐུ་ཚབ་སྦེ་བཀོད་གནང་ནུག། སྤྱི་ལོ་ ༡༩༩༨ ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ནང་ལས་ ཕྱི་འབྲེལ་བློན་པོ་སྦེ་བཙག་འཐུ་གནང་ཡོདཔ་དང་ སྤྱི་ལོ་ ༡༩༩༩ ལུ་ བློན་པོ་མཆོག་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་ཐུགས་སྲས་དང་ ཁྲི་མངའ་གསོལ་གྱི་རྟགས་མ་གནང་ནུག།

༢༠. བླམ་ པདྨ་ཚེ་དབང་།

ཡོགས་གྲགས་ལུ་ བླམ་ པདྨ་ལ་ཟེར་སླབ་སྲོལ་ཡོད་པའི་ བླམ་ པདྨ་ཚེ་དབང་དེ་ ༡༩༢༦ ལུ་ སྐུ་འཁྲུངས་ཡོདཔ་དང་ དགུང་ལོ ༨ ལས་ ཀྲོང་གསར་རྫོང་ནང་ ཁོ་རའི་ ཨ་ཞང་ བླམ་ སངས་རྒྱས་དཔལ་འབྱོར་དང་གཅིག་ཁར་ ཕྱག་དཔེ་ཚུ་གཟིགས་བཞུགས་ནུག། ཁོ་གིས་ ཉི་མ་ལུང་གྲྭ་ཚང་ནང་ རྡོ་རིང་ སྤྲུལ་སྐུ་མཆོག་ལས་ དབུ་མ་ སྦྱང་གསན་གནང་ཡོདཔ་དང་ མཁས་པ་གཞན་ཚུ་ལས་ ཡིག་བཟོའི་རིག་རྩལ་དང་ སྐུ་བཞེངས་ནི་ དེ་ལས་ ལྷ་བྲིས་ཚུ་ སྦྱང་བརྩོན་གནང་ནུག། དགུང་ལོ་ ༡༧ བཞེས་པའི་སྐབས་ སྤ་སྤྲུལ་རིན་པོ་ཆེ་མཆོག་གིས་ བོད་ལུ་ སྐུ་ཡོན་འཕྲོོ་མཐུད་སྦྱང་ནི་ལུ་ ཐུགས་རྩོན་བསྐྱེད་གནང་བཅུགཔ་ལས་ སྤྱི་ལོ་ ༡༩༤༤ དགུང་ལོ་ ༡༨ ལུ་ བདོ་ལུ་བྱོན་ནུག། དེའི་སྐབས་ ཁོ་གིས་ བོད་ལུ་ཡོད་པའི་ བྲག་ཐོག་ལྷ་ཁང་ནང་ རྡོ་རིང་སྤྲུལ་སྐུ་མཇལ་ཏེ་ ཀུན་བཟང་བླ་མའི་ཞལ་ལུང་དང་ ཡིག་བརྒྱ་ མན་ཌལ་ དེ་ལས་ བླ་མའི་ནལ་འབྱོར་ལ་སོགས་པ་ཚུ་གསན་གནང་ཡོདཔ་དང་ སྤྲུལ་སྐུའི་ཕྱག་ཞུ་ཏེ་ བྱིན་རླབས་ཅན་གྱི་གནས་ལེ་ཤ་གཅིག་ནང་ ཞབས་བསྐྱོད་གནང་ནུག། སྤྱི་ལོ་ ༡༩༦༡ ལུ་ གཞུང་ལྟེ་བ་གིས་ ་ རིག་གནས་སློབ་གྲྭའི་སློབ་དཔོན་སྦེ་ བཀོད་གནང་ཡོདཔ་དང་ སྤྱི་ལོ་ ༡༩༦༧ ཚུན་ཚོད་ སེམས་རྟོགསས་ཁ་ རིག་གཞུང་སློབ་གྲྭའི་ སློབ་དཔོན་མཛད་བཞུགས་ནུག།དེའི་ཤུལ་ལས་ སྤ་རོ་ལུ་ ཤེས་རིག་ལྷན་ཁག་གི་ སློབ་སྡེབ་སྡེ་ཚན་ནང་ གནས་སོར་བྱོན་ཡོདཔ་དང་ མི་ཚུ་གིས་ རྫོང་ཁ་འདི་ ཡིག་ཐོག་ལུ་ ལག་ལེན་འཐབ་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ སུམ་རྟགས་ དོན་སེལ་སྙིང་པོ་དང་ རྫོང་ཁའི་བརྡ་གཞུང་ བརྗོད་སྒྲ་རིག་པ་དང་ ཡིག་སྡེབ་ཚུ་ བརྩམས་གནང་ནུག།
སྤྱི་ལོ་ ༡༩༧༡ ལུ་ ཤེས་རིག་ལས་ཁུངས་ནང་ལས་དགོངསམ་ཞུ་ཏེ་ ལོ་གཉིས་ཀྱི་རྒྱབ་ལས་ བླམ་པདྨ་དེ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་ མཛད་བཞུགས་པའི་སྐབས་ འབྲུག་གི་རྒྱལ་རབས་དང་ གཞན་ཡང་ དཔེ་སྡེབ་ལེ་ཤ་ཅིག་བརྩམས་གནང་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༩༣ ལུ་ དགོངསམ་ཞུ་བའི་ཤུལ་ལས་ ཉི་མ་ལུང་གྲྭ་ཚང་གི་བླམ་སྦེ་བཀོད་གནང་ཡོདཔ་དང་ བླམ་པདྨ་གིས་ རྒྱལ་ཡོངས་སྐད་ཡིག་ཡར་རྒྱས་བཏང་ནིའི་དོན་ལུ་ ཐུགས་བརྩོན་སྦོབ་བསྐྱེད་དེ་ ཕྱག་ལཱ་མཛད་པའི་ དགའ་ཚོར་ལུ སྤྱི་ལོ ༡༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ནུག།

༢༡.ཚེ་འདས་ བློན་པོ་ རྡོ་རྗེ་ ཚེ་རིང། (༡༩༣༡-༢༠༠༨)

ཚེ་འདས་བློན་པོ་ རྡོ་རྗེ་ཚེ་རིང་མཆོག་ སྤྱི་ལོ་ ༡༩༣༡ ལུ་ ཧཱ་ ལྡུམ་ཆུ་ལུ་ སྐུ་འཁྲུངས་ཡོདཔ་དང་ ཀ་ལིམ་པོང་ལུ་ཡོད་པའི་ ཌི་ཨར་ ག་ར་ཧམསི་ ཧོམསི་ནང་ལས་ སྐུ་ཡོན་མཐར་འཁྱོལ་ཞིནམ་ལས་ སྤྱི་ལོ ༡༩༥༣ ལུ་ གཞི་གཡོག་ནང་འགོ་དང་པ་ ཐིམ་ཕུ་ལུ་ འབྲིང་རིམ་སློབ་གྲྭ་གཅིག་ནང་ སློབ་དཔོན་སྦེ་ ཕྱག་ལཱ་མཛད་ནུག། སྤྱི་ལོ་ ༡༩༥༥ ལས་ སློབ་གྲྭ་དེའི་ དབུ་འཛིན་མཛད་པའི་ཤུལ་ལུ་ སྤྱི་ལོ ༡༩༥༩ ལུ་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ ་ སྐུ་འཁོར་གྱི་སློབ་སྟོན་པ་མཛད་བཞུགས་ནུག། བློན་པོ་མཆོག་ སྤྱི་ལོ་ ༡༩༦༡ ལུ་ ཁྲིམས་དཔོན་གྱི་ཕྱག་འགན་བཞེས་ཡོདཔ་དང་ ལོ་གཅིག་གི་རྒྱབ་ལས་ བསྟན་སྲུང་དམག་སྡེའི་འགོ་དཔོན་སྦེ་ བཀོད་གནང་ནུག། སྤྱི་ལོ ༡༩༦༤ ལས་ དངུལ་རྩིས་དྲུང་ཆེན་སྦེ་ ལོ་ངོ་ ༡༥ འི་རིང་ཕྱག་ཞུ་ཡོདཔ་དང་སྤྱི་ལོ ༡༩༦༧ ལུ་ མི་རྗེ་བློན་པོ་མཆོག་ལུ་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ བུ་རས་དམརཔོ་གནང་ནུག། དེའི་ཤུལ་ལས་ སྤྱི་ལོ ༡༩༨༣ ལུ་ བཀབ་ནེ་ ལི་དབང་གནང་ཏེ་ དངུལ་རྩིས་ལྷན་ཁག་གི་ བློན་པོ་འོག་མའི་གོ་གནས་བཞེས་གནང་ནུག། བློན་པོ་མཆོག་ འབྲུག་མདོ་ཆེན་བཀོད་ཚོགས་དང་ འབྲུག་དངུལ་ཁང་ འབྲུག་བློ་གཏད་ལས་ཚན་གྱི་ཁྲི་འཛིན་ཨིནམ་དང་ གཞན་ཡང་ ལྷན་རྒྱས་གཞུང་ཚོགས་དང་ རྒྱལ་ཡོངས་ཚོགས་འདུ་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་དང་ འབྲུག་རྒྱལ་་ཉེན་སྲུང་་ལས་འཛིན་ཚུ་གི་འཐུས་མི་ཨིན་མས། དེ་མ་ཚད་བློན་པོ་མཆོག་ འབྲུག་གི་རྒྱལ་སྤྱི་མ་དངུལ་གྱི་གཙོ་འཛིན་ཡང་ཨིན་མས། མི་རྗེ་བློན་པོ་མཆོག་ ༡༩༨༨ ལུ་ དངུལ་རྩིས་བློན་པོའི་གོ་གནས་བཞེས་ཏེ་ ༡༩༩༨ ལུ་ དགོངས་ཞུ་མཛད་ཡོདཔ་དང་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ རྒྱལ་ཁབ་ལུ་ ཐ་དམ་ཚིག་སྟོན་ཏེ་ ཕྱག་ཞུ་བའི་ བཀྲིན་དགའ་ཚོར་ལུ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་གནང་ནུག། བློན་པོ་མཆོག་ སྤྱི་ལོ ༢༠༠༨ སྤྱི་ཟླ་དང་པའི་ནང་ བཤགས་ནུག།

༢༢. ལྷ་བྲིསཔ་ ཨོ་རྒྱན་ ལྷུན་གྲུབ།

ལྷ་བྲིསཔ་ ཨོ་རྒྱན་ ལྷུན་གྲུབ་འདི་ སྤྱི་ལོ་ ༡༩༣༣ ལུ་ མོང་སྒར་ སྐྱེངས་མཁར་ལུ་ སྐྱེས་ཡོདཔ་དང་་ སྐྱེ་ལོ་ ༡༨ ལུ་ ཁོ་རའི་སྤུན་ཆ་ ལྷ་བྲི་མཁས་མཆོག་གཅིག་ཨིན་མི་ནང་ལས་ ལྷ་བྲའི་རིག་རྩལ་ཚུ་ ལྷབ་ཞིནམ་ལས་ གཏོར་མ་གཤོང་ ལྷ་ཁང་ནང་ཚོན་བཏང་སྡོད་ནུག། དེའི་ཤུལ་ལས་ ཁོ་གིས་ ལྷ་བྲིས་འདི་ དུས་རྒྱུན་གྱི་ལཱ་ཅིག་སྦེ་སྤྲོ་བ་བསྐྱེད་དེ་སྡོད་ཡོདཔ་དང་ ཞར་དང་ཞོར་ཁ་ལུ་ དམ་པའི་ཆོས་འབད་ནི་ལུ་ སྤྲོ་བ་སྦོམ་སྦེ་ར་བསྐྱེད་དེ་ བླམ་དཀར་པོ་དང་ གདུང་སྲས་རིན་པོ་ཆེ་ དེ་ལས་ བདུད་འཇོམས་རིན་པོ་ཆེ་ཚུ་ལས་ ཕྱག་དཔེ་ཚུ་གསན་གནང་ཞིནམ་ལས་ ཟླཝ་དྲུག་གི་རིང་ལུ་ མཚམས་གཅད་དེ་སྡོད་ནུག། སྤྱི་ལོ་ ༡༩༦༦ ལུ་ ཀེལིམ་པོང་ལུ་ བདུད་འཇོམས་རིན་པོ་ཆེའི་ཞབས་ལས་ སྐུ་ཡོན་སྦྱང་པ་སོང་ནུག། ཁོ་གིས་རྒྱལ་ཁབ་ནང་ ལོ་ངོ་ ༥༦ དེ་ཅིག་ཕྱག་ཞུ་བའི་སྐབས་ ཁོ་གི་ཤུལ་བཞག་ཚུ་ གཞན་ཚུ་གི་དཔེ་ལྟ་ས་བཟུམ་གཅིག་ལུ་བསྒྱུར་ཡོདཔ་དང་ ཁོ་ ལྷ་བྲིས་ཀྱི་སློབ་དཔོན་དྲག་ཤོས་ཅིག་ཨིན་པའི་ངོས་འཛིན་ཡང་བྱུང་ནུག། སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ རྟ་ལོ་དང་ ཞལམ་སྒང ཧཱ་དང་ ཇ་པཱན་ལུ་ ཡོད་མི་ ཞབས་དྲུང་ ཕུན་སུམ་ཚོགས་པའི་མཐོང་འགྲོལ་ཚུ་ ལྷ་བྲིསཔ་ ཨོ་རྒྱན་ལྷུན་གྲུབ་ཀྱི་ལས་ཤུལ་ཡོངས་གྲགས་ཅན་ཚུ་ཨིན། དེ་མ་ཚད་ བཀྲིས་སྒང་དང་ མོང་སྒར་ ལྷུན་རྩེ་དང་ བུམ་ཐང་ ཕུན་ཚོགས་གླིང་དང་ སྤུ་ན་ཁ་ ཐིམ་ཕུ་རྫོང་ཚུ་ནང་ཡང་ ཁོ་གི་ལཱ་ཤུལ་བཟང་པོ་ལེ་ཤ་ཅིག་ཡོདཔ་ཨིནམ་དང་ བཀྲིས་ཆོས་རྫོང་དགོན་ཁང་ནང་ དཔལ་ལྡན་ལྷ་མོ་དང་ པདྨ་བཀའ་ཐང་ཚུ་ནང་ཁོ་གི་ ལག་རྩལ་ཚུ་ དངོས་སུ་སྦེ་ གལས་སྟོན་འབད་ཡོདཔ་ཨིན། ཁོ་གིས་ འཐུས་མི་ ༢༨ འབད་མི་ ལྷ་བྲིསཔ་སྡེ་ཚན་གཅིག་དང་གཅིག་ཁར་ སྤུ་ན་ཁ་རྫོང་དང་ ཧཱ་གི་ལྷ་ཁང་གཅིག་ནང་ ལྡེབས་རིས་ ༤༠༠་ དེ་ཅིག་ཉམས་མཅོས་འབད་ཡོདཔ་དང་ ཁོ་གིས་ད་ལྟོ་བར་ན་ཡང་ ཆོས་དང་འབྲེལ་བའི་རིག་རྩལ་ཚུ་ནང་ གནམ་མེད་ས་མེད་སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན། ལྷ་བྲིསཔ་ ཨོ་རྒྱན་ལྷུན་གྲུབ་ཀྱིས་ རྒྱལ་ཁབ་ཀྱི་ སྔར་སྲོལ་ལམ་ལུགས་དར་ཁྱབ་བཏང་ནི་ལུ་ བརྩོན་འགྲུས་སྦོམ་བསྐྱེད་དེ་ ལཱ་འབད་ཡོདཔ་ལས་ སྤྱི་ལོ ༡༩༩༩ སྤྱི་ཟལ་ ༦ པའི་ སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་གནང་ནུག།

^Top^