མ་འོངས་པ།
མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་ལས་དགོངས་ཞུ་མཛད་ནིའི་གྲོས་ཐག་ཆོད་པའི་སྐབས་ལུ་ ག་ཅི་གསུངས་ཡི་ཟེར་བ་ཅིན་ ལོ་གྲངས་ ༣༤ གི་ནང་འཁོད་ནང་ འབྲུག་གི་རྒྱལ་ཁབ་འདི་ སྔར་ལས་ལྷག་པའི་ཡར་རྒྱས་ཀྱི་འགྱུར་བ་སྦོམ་དང་ དེའི་གྲུབ་འབྲས་ལེགས་ཤོམ་བྱུང་ཚུགས་མི་འདི་ གཙོ་བོ་ར་ མི་སེར་སྤྱི་མཐུན་གྱི་ཁ་རྗེ་དབང་ཐང་དང་བསོད་ནམས་ལས་བརྟེན་ཏེ་ཨིན་ཟེར་ གསུངས་ཡོདཔ་ཨིན། དེ་མ་ཚད་ མི་དབང་མཆོག་གིས་ མི་སེར་ཡོངས་ལུ་ ཡང་ལས་ཡང་དུ་ མ་འོངས་རྒྱལ་ཁབ་འདི་ ཡར་ཅིག་བཀལ་རུང་ མར་ཅིག་བཀལ་རུང་ ཁྱེད་མི་སེར་ཚུ་གི་ལག་པར་ཨིན་ཟེར་གསུངས་ཡོདཔ་ཨིན།
ལུང་བསྟན་གྱི་རྒྱལཔོ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ སྐུ་ན་ཕྲ་བའི་བསྒང་ལས་ རྒྱལཔོ་གི་ཕྱག་འགན་བཞེས་ཏེ་ ད་ལྟོ་ཚུན་ཚོད་ལུ་ ཞལ་ལས་ཚིག་གཅིག་གསུངས་རུང་ ཞབས་གཅིག་ཕྱི་ཁར་སྤོ་རུང་ རང་དོན་ཧྲིལ་བུ་ཕར་བཀོག་བཞག་སྟེ་ གཞན་དོན་མི་སེར་ཡོངས་ཀྱི་མཐའ་དོན་ལུ་དམིགས་ཏེ་ མ་འོངས་བུ་རྒྱུད་ཀྱི་དོན་ལུ་ ཡར་རྒྱས་ཀྱི་གཞི་འགྱམ་སོགས་སྒྲིང་སྒྲིང་བཙུགས་གནང་སྟེ་ རྒྱལ་ཁབ་ནང་ སྔར་མ་བྱུང་བའི་དགའ་སྐྱིད་ཕུན་སུམ་ཚོགས་ཏེ་ཡོདཔ་ཨིན།
དེ་བཟུམ་མའི་ལུང་བསྟན་གྱི་རྒྱལཔོ་ ཐུགས་ཀྱི་དགོངས་བཞེད་རྒྱ་ཆེ་བ་འདི་ ཁྲི་ལས་དགོངས་ཞུ་མཛདཔ་ད་ བླ་ན་མེད་པའི་ཕྱག་འགན་འབག་ཚུགས་པའི་གང་ཟག་འབྲུག་ལུ་མ་ཚད་ འཛམ་གླིང་ནང་དཀོན་རུང་ ཕ་ཤུལ་བུ་ གཡག་ཤུལ་རྐོ་ཟེར་བའི་དཔེ་བཟུམ་སྦེ་ ལུང་བསྟན་གྱི་སྲས་མི་དབང་རྒྱལ་སྲས་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་ ཡབ་དང་དབྱེ་བ་རྩ་ལས་མེདཔ་སྦེ་ མཛད་ཚུགས་ནིའི་བློ་གཏད་ཡང་ ཡབ་མཆོག་གི་ཐུགས་ཁར་ཡོདཔ་མ་ཚད་ འབྲུག་མི་ཡོངས་ཀྱིས་འབད་རུང་ ཡིད་ཆེས་དང་བློ་གཏད་ཧྲིལ་བུ་ཡོདཔ་ཨིན།
དེ་སྦེ་ཡོདཔ་བཞིན་ འབྲུག་རྒྱལ་ལྔ་པ་མཆོག་གིས་ རྩ་ཁྲིམས་ཆེན་མོའི་སྐོར་ལས་གྲོས་བསྟུན་མཛད་སྐབས་ རྒྱལ་ཁབ་ནང་ཡོད་པའི་རྫོང་ཁག་ག་ར་ནང་ཞབས་ཀྱི་བཅགས་ཏེ་ མི་སེར་ཚུ་དང་གསུངས་གྲོས་གནང་བས་མི་སེར་ཚུའི་བསམ་འཆར་ཚུ་གསན་པ་དང་སྐྱིད་ སྡུག་ཚུ་ག་དེ་སྦེ་རང་ཡོད་ག་གཟིགས་གནང་པས་ དམངས་གཙོའི་རིང་ལུགས་འདི་ ཡབ་སྲས་སྤྱི་རུབ་ཀྱི་ཤུལ་བཞག་ཅིག་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
