སྐད་ཡིག་ཚུ༌

འབྲུག་གི་མཆོད་རྟེན།

འབྲུག་གི་ས་ཆ་མང་ཤོས་ཅིག་ མཆོད་རྟེན་ཚུ་གིས་གང་ཡོདཔ་དང་ དེ་ཚུ་ཡང་ གངས་རི་དང་ ལམ་རྒྱ་གྲམ་ ཆུ་ཚུ་གི་མཐའ་མ་དང་ དེ་ལས་ གཡུས་ཚན་ཚུ་ནང་ལས་ཕར་ཡོདཔ་ཨིན། དེ་ཚུ་ཡང་ བླམ་དགེ་བའི་བཤེས་གཉེན་དང་ རྒྱལཔོ་བཀའ་དྲིན་ཅན་ཚུ་ རྗེས་དྲན་གྱི་དོན་ལུ་དང་ འགྲོ་བ་རིགས་དྲུག་གི་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ འདྲེདང་གདོན་ཚུ་ བཏུལ་ནིའི་དོན་ལུ་ བཞེངས་གནང་གནངམ་ཨིན་མས། དེ་མ་ཚད་ མཆོད་རྟེན་ཚུ་ ས་གནས་ཚུབ་དྲགས་ཡོད་ས་དང་ ལ་མཐོ་ས་ ས་རུས་དང་ཆུ་རུས་ཀྱི་གནོད་པ་འབྱུང་བའི་ས་གནས་ཚུ་ནང་བཞེངས་ཡོདཔ་ཨིན། མཆོད་རྟེན་ཟེར་བའི་ཐ་སྙད་འདི་ལེགས་སྦྱར་ནང་ལས་ ཨིསིཊུ་པ་ཟེར་མི་ལས་ འགྱུར་འགྱུརཝ་ཨིན། མཆོད་པའི་ཞིང་ངམ་རྟེན་གྱི་དོན་ཨིན་ཟེར་གསུངས་ནུག།

མཆོད་རྟེན་ཚུ་ལུ་ སྤྱིར་གཏང་འབྲུག་པའི་མཆོད་རྟེན་དང་ བོད་པའི་མཆོད་རྟེན་དང་ ནེ་པ་ལི་མཆོད་རྟེན་ཟེར་ རྣམ་པ་གསུམ་ལུ་དབྱེ་དེ་ཡོདཔ་ཨིན། བཀྲ་ཤིས་གཡང་རྩེ་ལུ་ ཡོད་པའི་མཆོད་རྟེན་སྐོར་ར་དེ་ ནེ་པ་ལི་མཆོད་རྟེན་གྱི་དཔེ་ཨིནམ་དང་ ཐིམ་ཕུ་ལུ་ཡོད་པའི་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་དེ་ བོད་པའི་མཆོད་རྟེན་ཨིན།

མཆོད་རྟེན་མང་ཤོས་ཅིག་གི་ བཟོ་བཀོད་ཁྱད་ཆོས་ཚུ་ ས་ཆུ་མེ་རླུང་ལ་སོགས་པའི་འབྱུང་བ་ལྔ་ལུ་གཞི་བཞག་སྟེ་བཞེངས་ཡོད་པ་དང་ འདི་ཚུ་གི་ནང་ན་ལུ་ སྲོག་ཤིང་ཚུ་ཡང་བཙུགས་ཡོདཔ་ཨིན།

མཆོད་རྟེན་ཚུ་ཡང་ རྒྱལ་བ་གོངམ་ཚུ་གི་ས་གནས་འདི་ ཞབས་ཀྱིས་བཅག་གནང་པའི་རྗེས་དྲན་དང་ དེ་མ་ཚད་ བླམ་དགེ་བའི་བཤེས་གཉེན་ཚུ་གི་ སྐུ་གདུང་ལ་སོགས་པ་དང་ ནང་པའི་ཆོས་ཀྱི་དཔེ་ཆ་ཚུ་སྲུང་བཞག་འབད་ནིའི་དོན་ལུ་ བཞེངསམ་ཨིན།

༡. བདེ་བ་གཤེགས་པའི་མཆོད་རྟེན་བརྒྱད: མཆོད་རྟེན་ཚུ་གི་ནང་ལས་ ཡོངས་གྲགས་ལུ་མཐོ་ང་ཚུགས་མི་དེ་ བདེ་བར་བཤེགས་པའི་མཆོད་རྟེན་བརྒྱད་ཨིན། འདི་ཚུ་ཡང་:
Dewa Shedpai Chorten Gyedབདེ་བ་གཤེགས་པའི་མཆོད་རྟེན་བརྒྱད།

  • བདེ་གཤེགས་མཆོད་རྟེན།: སྔོན་མ་རྒྱ་གར་འཕགས་པའི་ཡུལ་གྱི་དབུས་སེར་ སྐྱའི་གནས་ལུམ་བི་ནིའི་ཚལ་ལུ་ རང་ཟླ་བཞི་པའི་ཚེས་བཅོ་ལྔ་ལུ་ ཡུམ་སྒྱུ་མ་ལྷ་མཛེས་མ་ལས་ སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པའི་བསྒང་ ཡབ་རྒྱལ་པོ་ཟས་གཙང་ལ་སོགས་པ་ཚུ་གིས་བཞེངས་བཞེངསམ་ཨིན་ཟེར་མི་དེ་ པདྨ་སྤུངས་པའམ་བཀྲ་ཤིས་འབྱུང་བའི་མཆོད་རྟེན་འདི་བསྟན་པ་འདི་གི་ཐུགས་རྟེན་ གྱི་དང་པ་ཨིན་ཟེར་ཨིན་པས།
  • བྱང་ཆུབ་མཆོད་རྟེན།: བདག་ཅག་གི་སྟོན་པ་མཆོག་ དགུང་གྲངས་སུམ་ཅུ་སོ་ལྔ་ལུ་ཕེབས་པའི་སྐབས་ལུ་ རང་ཟླ་བཞི་པའི་ཚེས་བཅོ་ལྔ་ལུ་ ཡུལ་མ་ག་དྷའམ་ རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་རྩ་བར་ བདུད་དེ་ཚུ་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་ཞིནམ་ལས་ མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ལུ་ རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཚུ་གིས་ བཞེངས་གནང་གནངམ་ཨིན་ཟེར་མི་དེ་ བདུད་འདུལ་བྱང་ཆུབ་མཆོད་རྟེན་ཨིན།
  • ཆོས་འཁོར་མཆོད་རྟེན།: ང་བཅས་རའི་སྟོན་པ་སངས་རྒྱས་མཆོག་ དགུང་གྲངས་སོ་ལྔ་ལུ་ཕེབས་པའི་སྐབས་ ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་གིས་གསོལཝ་བཏབ་བཞིན་དུ་ རང་ཟླ་དྲུག་པའི་ཚེས་བཞི་ལུ་ ཡུལ་ཝ་ར་ཎ་སི་ལུ་ དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ནང་ བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་པའི་སྐབས་ལུ་ འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་ཚུ་གིས་ བཞེངས་བཞེངསམ་ཨིན་ཟེར་མི་དེ་ ཆོས་འཁོར་བཀྲ་ཤིས་སྒོ་མང་མཆོད་རྟེན་ཨིན།
  • ཆོས་འཕྲུལ་མཆོད་རྟེན་།: ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལུ་ མ་བཟོད་པར་ཕྲག་དོག་སྐྱེད་མི་ཕྱི་རོལ་མུ་སྟེགས་པ་ག་ར་འདུལ་ཐབས་ཀྱི་དོན་ལུ་ རང་ཟླ་དང་པའི་ཚེས་གཅིག་ལས་བཅོ་ལྔའི་བར་ གཡུས་མཉན་ཡོད་ཛེ་ཏའི་ཚལ་ལུ་ སངས་རྒྱས་ཀྱིས་ཆོ་འཕྲུལ་བསམ་གྱི་མི་ཁྱབ་པ་ སྟོན་གནང་པའི་དུས་ལུ་ སལི་ཙྭ་བའི་འཁོར་དེ་ཚུ་གིས་བཞེངས་བཞེངསམ་ཨིན་ཟེར་མི་དེ་ཆོ་འཕྲུལ་ཆེན་པོའི་ མཆོད་རྟེན་ཨིན།
  • ལྷ་བབས་མཆོད་རྟེན།: སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ དགུང་གྲངས་ཞེ་གཉིས་བཞེས་པའི་སྐབས་ ལྷ་གནས་སུམ་ཅུ་རྩ་གསུམ་ལུ་བྱོན་ཞིནམ་ལས་ ཡུམ་ལུ་དྲིན་ལན་བསབ་པའི་མདོ་ལ་སོགས་པ་གསུངས་སྦེ་ དྲོ་པ་དབྱར་གནས་དང་ ཕྱི་རུ་དགག་དབྱེ་མཛད་དེ་ མིའི་རྒྱལ་པོ་ཚུ་གིས་འཕགས་པ་མོའུ་གལ་གྱི་བུ་གདན་འདྲེན་ཞུ་བ་བཏངམ་བཞིན་དུ་ རང་ཟླ་དགུ་པའི་ཚེས་ཉེར་གཉིས་ལུ་ མི་ཡུལ་གྲོང་ཁྱེར་སྒྲ་ལྡན་ལུ་ལོག་བབས་ཟེར་བྱོན་པའི་དུས་ལུ་ ཡུལ་དེ་ཁའི་མི་དེ་ཚུ་གིས་ བཞེངས་བཞེངསམ་ཨིན་ཟེར་མི་དེ་ལྷ་བབས་མཆོད་རྟེན་ཨིན།
  • དབྱེན་བཟླུམས་མཆོད་རྟེན།: སྟོན་པ་སངས་རྒྱས་མཆོག་ ཞལ་བཞུགས་པའི་སྐབས་ གཡུས་འོད་མའི་ཚལ་ལུ་ བདུད་ལྷས་བྱིན་གྱིས་ དགེ་འདུན་པ་ཚུ་གི་བར་ན་ལུ་དབྱེ་བྱས་ཟེར་ འཕུང་དཀྲོགས་རྐྱབ་པའི་སྐབས་ ཉན་ཐོས་ཆེན་པོ་མཆོག་ཟུང་གིས་དབྱེན་བཟླུམས་ཟེར་ བར་འདུམ་མཛད་པའི་སྐབས་ལུ་ ཡུལ་མ་ག་དྷ་པའི་མི་ཚུ་གིས་བཞེངས་བཞེངསམ་ཨིན་ཟེར་མི་དེ་ དགེ་འདུན་པའི་དབྱེན་བཟླུམས་མཆོད་རྟེན་ཨིན། འདི་གི་མིང་གཞན་འོད་ཟེར་མཆོད་རྟེན་ཟེར་ཡང་སླབ་ཨིན།
  • རྣམ་རྒྱལ་མཆོད་རྟེན།: སྲིད་གསུམ་འགྲོ་བའི་སྐྱབས་གནས་དམ་པ་སྟོན་པ་ སངས་རྒྱས་མཅོམ་ལྡན་འདས་མཆོག་ དགུང་ལོ་བརྒྱད་ཅུ་ལུ་ཕེབས་པའི་སྐབས་ ཡུལ་ཡངས་པ་ཅན་བྲི་ཛིའི་ཤིང་ཤ་པཱའི་ཚལ་ནང་ བདུད་ཀྱི་རྒྱལ་པོ་གིས་ སྐུ་མྱ་ངན་ལས་འདའ་དགོཔ་འབད་གསོལཝ་བཏབ་བཞིན་དུ་ མྱ་ངན་ལས་འདའ་ནིའི་དགོངས་བཞེད་གནང་པའི་བསྒང་ དགེ་བསྙེན་ཙུན་ད་གིས་སྐུ་མྱ་ངན་ལས་མ་འདའ་བར་བཞུགས་གནང་དགོས་པའི་གསོལཝ་བཏབ་ ལས་རྟེན་ དགེ་བསྙེན་ཙུན་དའི་ངོར་ ཟླབ་གསུམ་གྱི་རིང་སྐུ་ཚེ་བསྲིང་བཞུགས་ནི་ལུ་བྱིན་གྱིས་བརླབས་པའི་དུས་ལུ་ གཡུས་དེ་ཁའི་མི་དེ་ཚུ་གིས་བཞེངས་བཞེངསམ་ཨིན་ཟེར་མི་དེ་ སྐུ་ཚེ་བྱིན་གྱིས་རླབས་པ་ རྣམ་རྒྱལ་མཆོད་རྟེན་ཨིན།
  • མྱང་འདས་མཆོད་རྟེན།: སྟོན་པ་སངས་རྒྱས་མཆོག་ དགུང་གྲངས་བརྒྱད་ཅུ་ལུ་ཕེབས་པའི་སྐབས་ གདུལ་བྱ་སེམས་ཅན་ཚུ་གི་ངོ་ལུ་ གྱད་ཀྱི་གཡུས་རྩྭ་མཆོག་གྲོང་དུ་ རང་ཟླ་བཞི་པའི་ཚེས་བཅོ་ལྔ་ལུ་སྐུ་མྱ་ངན་ལས་འདས་ཟེར་དགོངས་པ་ཆོས་ཀྱི་དབྱིངས་ སུ་ཐིམ་པའི་ཚུལ་བསྟན་པའི་སྐབསས་གྱད་ཀྱི་མི་ཚུ་གིས་བཞེངས་བཞེངསམ་ཨིན་ཟེར་མི་ དེ་ དགོངས་པ་མྱང་འདས་མཆོད་རྟེན་ཨིན།


Ja Rung Kha Shorབྱ་རུང་ཁ་ཤོར།:༢. བྱ་རུང་ཁ་ཤོར།: བྱ་རུང་ཁ་ཤོར་ཟེར་མི་དེ་ མཆོད་རྟེན་གྱི་རྣམ་པ་ལ་ཤ་ཡོད་པའི་ནང་ལས་ གཅིག་ཨིནམ་དང་ འདི་བཟུམ་མའི་མཆོད་རྟེན་ཚུ་ཚུ་ འབྲུག་ལུ་ལེ་ཤ་སྦེ་མེདཔ་ཨིན། བྱ་རུང་ཁ་ཤོར་མཆོད་རྟེན་ཚུ་ལུ་གསར་ཏོག་གི་འོག་ལུ་ མིག་ཏོ་འབྲི་དེ་ཡོད་མི་དེ་ ཁྱད་ཆོས་མཐུན་མོང་མ་ཡིན་པ་ཅིག་ཨིནམ་དང་ འདི་བཟུམ་མའི་མཆོད་རྟེན་ཚུ་ མཆོད་རྟེན་སྐོར་ར་དང་ ཀུ་རི་ཟམ་པ་ སྤྱན་ལྡན་སྦྱིས་དང་ བོད་ག་ན་གི་ས་གནས་ཚུ་ནང་ཡོདཔ་ཨིན།

༣. མཆོད་རྟེན་རྐང་གཉིསམ: མཆོད་རྟན་རྐང་གཉིསམ་དེ་ མཆོད་རྟེན་གཞན་ཚུ་དང་མ་འདྲཝ་སྦེ་ དེ་གི་འོག་ལས་ལམ་འགྱོ་བཏུབ་ཨིན། དེ་གི་བཟོ་བཀོད་ཡང་ བླམ་རྒྱལ་བ་ལྷ་ནང་པ་གིས་ གནང་གནངམ་ཨིནམ་དང་ ཁོ་གིས་མི་ཚུ་ལུ་ མཆོད་རྟེན་རྐངམ་གཉིས་ཡོད་མི་ ནང་ན་ལུ་ སངས་རྒྱས་ཀྱི་སྐུ་པར་དང་ གནམ་པང་གུ་ དཀྱིལ་འཁོར་ཡོད་མི་ཚུ་བཞེངས་དགོ་པའི་ཞལ་བཀོད་གནང་ནུག། རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཚུ་དག་ནི་དང་ དབང་དང་བྱིན་རླབས་ཚུ་ཐོབ་ནིའི་དོན་ལུ་ མཆོད་རྟེན་དེའི་འོག་ལས་སྦེ་ལམ་འགྱོཝ་ཨིནམ་དང་ མཆོད་རྟེན་གཞན་ཚུ་བཟུམ་སྦེ་ སྐོར་ར་རྐྱབ་སྲོལ་མེདཔ་ཨིན། གནམ་པང་གུ་ཡོད་པའི་དཀྱིལ་འཁོར་དེ་ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱི་བརྡམཚོན་ཨིནམ་ དང་ སྒོ་གཉིས་ཡོད་མི་དེ་ ལྷ་ཡུལ་གྱི་འཛུལ་སྒོ་དང་ འཐོན་སྒོ་ཚུ་གི་ བརྡ་མཚོན་ཨིན།

Mani Dang Ringམ་ནི་གདང་རིངམོ༤. མ་ནི་གདང་རིངམོ: མ་ནི་གདང་རིངམོ་དེ་ ཕར་དང་ཚུར་རིངམོ་སྦེ་ཡོདཔ་ཨིནམ་དང་ དེ་གུ་ ལྷ་ཆོས་སྐྱོང་སྲུང་མ་ཚུ་གི་སྐུ་པར་བརྐོ་དེ་ཡོདཔ་མ་ཚད་ མ་ནི་དང་བརྫ་གུ་རུ་ཚུ་ཡང་འབྲི་དེ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ འདི་བཟུམ་གྱི་མཆོད་རྟེན་ཚུ་ གཞུང་ལམ་གྱི་གཡས་དང་གཡོན་ལུ་ ཡོདཔ་ཨིན།