འབྲུག་པའི་གླུ་གཞས།
འབྲུག་རྒྱལ་ཁབ་ནང་ལུ་ གླུ་གཞས་ཚུ་ཡོངས་གྲགས་ཡོདཔ་ཨིནམ་དང་ མི་ ཆེ་འབྲིང་ཆུང་གསུམ་ག་ར་ དགའ་སྟོན་དང་ཚེས་བཅུ་ལ་སོགས་པའི་དུས་སྟོན་ཚུ་གི་སྐབས་ལུ་ གླུ་གཞས་འཐེན་ནི་དང་རྐྱབ་ནི་ཚུ་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན། འབྲུག་པའི་གླུག་གཞས་ཚུ་ དབྱེ་བ་མ་འདྲཝ་དགུ་ནང་བསྡུཝ་ཨིནམ་དང་ ལེའུ་དང་གཅིག་ཁར་རྐྱབ་མི་དང་ ལེའུ་མེད་པར་འཐེན་མི་ གླུ་གཞས་ ཚུ་ཡང་ དེ་ཚུ་ནང་ཚུདཔ་ཨིན།
དེ་ཚུ་ཡང་
༡༽ ཆོས་གླུ་དང་མགུར་མ།
སྔར་སྲོལ་གྱི་ དམ་པའི་ཆོས་དང་འབྲེལ་བ་ཡོད་པའི་གླུ་གཞས་ཚུ་ མགུར་མ་དང་སོ་སོ་སྦེ་ཡོདཔ་ཨིན། མགུར་མ་ཟེར་མི་དེ་ ཆོས་ཀྱི་ཀི་དེབ་ཚུ་ནང་ལས་བཏོན་ཡོད་མི་ དཔེར་ན་ རྗེ་བཙུན་མི་ལ་རལ་པ་གི་གླུ་གཞས་ཚུ་ལུ་སླབ་ཨིནམ་དང་ ཆོས་གླུ་ཚུ་བརྗོད་དོན་ ཆོས་དང་མཐུནམ་མ་ཚད་ བླམ་སྦོམ་དང་ཆོས་ལྡན་གྱི་སྐྱེས་བུ་ཚུ་ལུ་བསྟོད་པའི་ཚིག་སྦེ་འཐེན་སྲོལ་ཡོདཔ་ ཨིན།
༢༽ བླ་མ་ མཆོད་བསྟོད་ཀྱི་གླུ།
ལྷ་ཁང་དགོན་སྡེ་དང་ གནས་རྩ་ཅན་ དེ་ལས་ བླམ་དགེ་བའི་བཤེས་གཉེན་ཚུ་ལུ་ བསྟོད་པ་རྐྱབས་ཏེ་ཡོད་པའི་གླུ་གཞས་ཚུ་ལུ་ བླ་མ་མཆོད་བསྟོད་ཀྱི་གླུ་ཟེར་སླབ་ཨིན། གླུ་གཞས་འདི་ཚུ་ ད་རེས་ནངས་པ་ཡང་ ཡོངས་གྲགས་ཡོདཔ་ཨིནམ་དང་ འདི་ཚུ་ ལྷ་ཁང་དང་དགོན་སྡེའི་རབ་གནས་དང་ ཆོས་ལྡན་གྱི་དུས་སྟོན་ཚུ་གི་སྐབས་ལུ་ རྐྱབ་སྲོལ་ཡོདཔ་ཨིན།
༣༽ རྒྱལ་པོའི་བསྟོད་གླུ།
གླུ་གཞས་འདི་ཚུ་ རྒྱལཔོ་དང་ ཡོངས་གྲགས་ཅན་གྱི་སྐྱེས་བུ་ཚུ་ལུ་བསྟོ་པ་རྐྱབ་སྟེ་འཐེནམ་ཨིནམ་དང་ གླུ་གཞས་ཀྱི་བརྗོད་དོན་ཡང་ རྒྱཔོ་དང་རྒྱལ་རྒྱུད་ རྒྱལཔོ་ཚུ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ལཱ་མཛད་ཐངས་ དེ་ལས་ མི་སྡེའི་ལུ་ཕན་པའི་ཕྱག་ལཱ་མཛད་ཐངསཚུ་ལུ་ གཞི་བཞག་སྟེ་བརྩམ་ཨིན། དེ་བཟུམ་གྱི་གླུ་གཞས་ཚུ་ ད་རེས་ནངས་པ་ཡང་བརྩམ་སྲོལ་ཡོདཔ་དང་ དེ་ཚུ་ཁྲུངས་སྐར་དུས་སྟོན་དང་ རྒྱལ་ཡོངས་དུས་ཆེན་ཚུ་བརྩི་སྲུང་འབད་བའི་སྐབས་ལུ་ ཡོངས་གྲགས་སྦེ་རྐྱབ་ནི་ཡོདཔ་ཨིན།
༤༽ དགའ་གླུ།
གཅིག་ཁར་འཛོམས་ཏེ་དགའ་སྤྲོད་སྟོན་ནི་དེ་ རང་རྐྱང་དང་བཟའ་ཚང་ མི་སྡེ་ཡང་ན་རྒྱལ་ཁབ་ལུ་ རྟེན་འབྲེལ་བཟང་པོ་གཅིག་ཨིནམ་དང་ དུས་སྟོན་ཁྱད་པར་ཅན་གྱི་རྟགས་མཚན་གཅིག་ཨིན། དགའ་གླུ་ཚུ་ དུས་སྟོན་ཁྱད་པར་ཅན་ཚུ་གི་སྐབས་ལུ་ འཐེན་སྲོལ་དང་རྐྱབ་སྲོལ་ཡོདཔ་ཨིན།
༥༽ མཛའ་གླུ།
འབྲུག་རྒྱལ་ཁབ་ནང་ལུ་ མཛའ་གླུ་དེ་ཡོངས་གྲགས་ཡོདཔ་ཨིནམ་དང་ རིག་གསར་གྱི་གླུ་གཞས་མང་ཤོས་ཅིག་ བརྗོད་དོན་ ཕོ་མོ་གཉིས་གཅིག་གི་གཅིག་ལུ་དགའ་བའི་སྐོར་དང་ བུམ་ཚུ་གི་མཛེས་ཆ་ལུ་གཞི་བཞག་སྟེ་བརྩམ་ཨིན། གླུ་གཞས་འདི་ཚུ་ མི་མང་འཛོམས་ས་དང་ སྤྱིར་གཏང་སྤྲོ་ཉམས་ཀྱི་དོན་ལུ་ སྒྲིག་མཐུན་གྱི་དུས་སྟོན་ཚུ་གི་སྐབས་ལུ་འཐེནམ་ཨིན།
༦༽ འཁྲུལ་གླུ།
ཁྲུལ་གླུ་ཚུ་ ལུགས་མཐུན་གྱི་དུས་སྟོན་ཚུ་གི་སྐབས་ལུ་ཐེན་ནི་མེདཔ་ཨིནམ་དང་ མཛའ་གླུ་ཚུ་བཟུམ་སྦེ་ ཡོངས་གྲགས་མེདཔ་ཨིན།
༧༽ དཔའ་ཉམས་ཀྱི་གླུ།
དཔའ་ཉམས་ཀྱི་གླུ་ཚུ་ སྐྱེས་བུ་དཔའ་བོ་ཚུ་གི་ སྙིང་སྟོབས་ཅན་གྱི་མཛད་ཤུལ་ཚུ་ལུ་གཞི་བཞག་སྟེ་འཐེནམ་ཨིན། ཧེ་མ་འབད་བ་ཅིན་ མི་རྒན་ཤོས་ཚུ་གིས་ རང་གི་ཨ་ལོ་ཚུ་ སྙིང་སྟོབས་ཅན་བཟོ་ནི་དང་ སྔོན་གྱི་ སྙན་གྲགས་ཅན་གྱི་དུས་ཚུ་ རྗེས་དྲན་གྱི་དོན་ལུ་འཐེན་དོ་ཡོདཔ་ཨིན་མས། འདི་བཟུམ་གྱི་གླུ་གཞས་མང་ཤོས་ཅིག་ གེ་སར་གྱི་གྲུང་ཚུ་ནང་ལས་བཏོན་ཡོདཔ་དང་ རྒྱཔོ་ཚུ་ལུ་བསྟོད་པ་རྐྱབས་ཏེ་འཐེན་ནི་ཡོདཔ་ཨིན།
༨༽ བག་སྟོན་གྱི་ གླུ།
གཉེས་སྦྱོར་གྱི་དུས་སྟོན་ཚུ་ འབྲུག་མི་ག་ར་གིས་ ཡོངས་གྲགས་སྦེ་བརྩི་སྲུང་འབད་ནི་ཡོདཔ་ཨིན། གཉེནས་སྦྱོར་འབད་མི་ ཕོ་མོ་གཉིས་དང་ཁོང་གི་ཕམ་སྤུན་ཆ་ཚུ་གི་དོན་ལུ་ དུས་སྟོན་དེ་གལ་གནད་ཅན་གཅིག་ཨིནམ་དང་ དེའི་སྐབས་ བག་སྟོན་གྱི་གླུ་གཞས་ཚུ་མེད་ཐབས་མེདཔ་ཅིག་ཨིན།
༩༽ བཀྲ་ཤིས་སྨོན་གླུ།
བཀྲ་ཤིས་པའི་གླུ་གཞས་འདི་ཚུ་ གལ་གནད་ཅན་གྱི་དུས་སྟོན་ཚུ་གི་སྐབས་ལུ་འཐེན་སྲོལ་ཡོདཔ་ཨིན། བཀྲ་ཤིས་ལེགས་དཔལ་དེ་ ལས་རིམ་ཚུ་མཇུག་བསྡུཝ་ད་རྐྱབ་ཨིནམ་དང་ དེ་ནང་ལུ་ག་ར་གིས་བཅའ་མར་གཏོགསཔ་ཨིན། བཀྲ་ཤིས་ལེགས་དཔལ་གྱི་ཚིག་ཚུ་ཡང་ ཆར་ཆུ་དུས་སུ་བབ་ ལོ་ཕྱུག་རྟག་ཏུ་ལེགས་ ཞི་བདེ་དང་བདེ་སྐྱིད་ཚུ་ ནམ་ཡང་འགྱུར་བ་མེད་པར་གོང་ལས་གོང་དུ་འཕེལ་ནི་ཚུ་ལུ་གཞི་བཞག་སྟེ་ཐེནམ་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
