སྐད་ཡིག་ཚུ༌

ལམ་ལུགས་སྲོལ།

འབྲུག་གི་ལམ་སྲོལ་དེ་ འཛམ་གླིང་ནང་ལུ་ ག་དང་ཡང་མ་འདྲ་བའི་ ལམ་ལུགས་སྲོལ་ ཁྱད་པར་ཅན་ཅིག་ཨིན། རྒྱལ་ཁབ་ཆུང་ཀུ་ཅིག་དང་ མི་རློབས་ཡང་ཉུང་སུ་ཅིག་ལས་མེད་དེ་འབད་རུང་ རྒྱལ་ཁབ་གཞན་ག་དང་ཡང་མའདྲ་བའི་ སྔར་སྲོལ་ལམ་ལུགས་བཟང་པོ་དེ་ རྒྱལ་ཁབ་ རང་དབང་རང་བཙན་གྱི་ངོ་རྟགས་བཟུམ་ཅིག་ཨིནམ་ལས་ དེ་བདག་འཛིན་འབད་ནི་ལུ་ གཙོབོ་སྟོན་ཏེ་ཡོདཔ་ཨིན།
Culture & Traditionལམ་ལུགས་སྲོལ།

  • གསར་སྐྱེ: ཨ་ལོ་སྐྱེ་བའི་སྐབས་ བུཚ་ཨིན་རུང་བུམ་ཨིན་རུང་ ཕྱོགས་རིས་མེད་པར་ བྱམས་རྩེ་འབདཝ་ཨིནམ་དང་ ཨ་ལོ་སྐྱེ་ཞིནམ་ལས་ ཉིནམ་གསུམ་གྱི་རིང་ལུ་ ཁྱིམ་དེ་ནང་ལུ་ སྐྱེ་སྒྲིབ་ཡོདཔ་ལས་ ཕྱི་ཁ་ལས་མི་ཚུ་ག་ཡང་འོང་ནི་མེདཔ་ཨིན། ཉིམ་གསུམ་གྱི་རྒྱབ་ལས་ ལྷ་བསངས་གཏང་ཞིནམ་ལས་ ཕྱི་ཁ་གི་མི་ཚུ་གི་ ཨ་ལོ་བལྟ་བར་འོངམ་ཨིན། དེ་གི་སྐབས་ གཡུས་ཁ་འབད་བ་ཅིན་ ཆུམ་དང་ མར་དར་ཚིལ་ཚུ་འབག་འོངམ་ཨིནཔ་དང་ ཁྲོམ་ཁ་སྡོད་མི་ཚུ་གིས་ བགོ་ལ་དང་ ཏི་རུ་ཚུ་འབག་འོངམ་ཨིན།
    ཨ་ལོའི་མིང་ཡང་ བླམ་ ཆོསཔ་ཚུ་ལས་ཞུཝ་ཨིནམ་དང་ ལ་ལོ་ཅིག་གིས་ ཨ་ལོ་དེ་ ལྷ་ཁང་ཚུ་ནང་བསྐྱལ་ཞིནམ་ལས་ གནས་བདག་གི་མིང་དང་འབྲེལ་བ་ཡོད་པའི་མིང་ཚུ་ཡང་བཏགས་སྲོལ་ཡོདཔ་ཨིན། དེ་གི་མ་ཚད་ ལ་ལོ་ཅིག་གིས་ ཨ་ལོ་དེ་ སྐྱེ་བའི་ གཟའ་དང་འཁྲིལ་ཏེ་ཡང་མིང་བཏགསཔ་ཨིན། ཨ་ལོའི་སྐྱེས་རྩིས་དེ་ འབྲུག་པའི་ཟླ་ཐོ་དང་འཁྲིལ་ཏེ་སྟོནམ་ཨིནམ་དང་ དེ་ནང་ལུ་ ཨ་ལོ་དེ་ སྐྱེ་བའི་ཞག་དང་དུས་ཚོད་ཀྱི་ རྒྱས་བཤད་ཚུ་ཡོདཔ་ཨིནམ་དང་ ཨ་ལོ་དེའི་ མ་འོངས་པ་ནང་ལུ་ག་དེ་སྦེ་འོང་ནི་ཨིན་ན་ཚུ་གི་སྐོར་ལས་ཡང་ སྔོན་བརྗོད་འབདཝ་ཨིན།
    ཧེ་མ་འབད་བ་ཅིན་ ཨ་ལོའི་སྐྱེ་བའི་དུས་སྟོན་ བརྩི་སྲུང་འབད་ནི་མེདཔ་ཨིན་རུང་ ད་རེས་ནང་པ་ བརྩི་སྲུང་འབད་ནི་ ཡོདཔ་ཨིནམ་དང་ དེ་གི་ནང་ལས་ཡང་ ཁྲོམ་ཁར་ སྡོད་མི་ཚུ་གིས་ ཡོངས་གྲགས་སྦེ་ རྩི་སྲུང་འབད་ནི་ཡོདཔ་ཨིན།
  • གཉེན་སྦྱོར: ཧེ་མ་འབད་བ་ཅིན་ ཆུང་གཉེན་རྐྱབ་ནི་དེ་ ཡོངས་གྲགས་ཡོདཔ་ཨིན་མས། མི་ཚུ་ རང་གི་སྤུན་ཆ་དང་གཅིག་ཁར་ གཉེན་རྐྱབ་ཨིནམ་དང་ དེ་གི་ནང་ལས་ཡང་ ཤར་ཕྱོགས་ཀྱི་མི་ཚུ་ལུ་ རང་གི་སྤུན་ཆ་དང་གཅིག་ཁར་གཉེན་རྐྱབ་ནི་དེ་ ལུགས་སྲོལ་ཡོངས་གྲགས་ཅན་ཅིག་ཨིན་སས། དེ་འབདཝ་ད་ད་རེས་ནང་པ་ ལུགས་སྲོལ་འདི་ ཉམས་ཏེ་ གཉེན་ཚུ་རང་ར་སོ་སོའི་འདོད་པ་ལྟར་དུ་ རྐྱབ་ཨིན།

    གཉེན་རྐྱབ་པའི་སྐབས་ལུ་ཡང་ བརྩི་སྲུང་སྦོམ་སྦེ་འབད་ནི་མེད་དེ་འབད་རུང་ ལ་ལོ་ཅིག་གིས་ ཚོགས་སྟོན་ཚུ་འགོ་འདྲེན་འཐབ་སྲོལ་ཡོདཔ་ཨིནམ་དང་ གཉེན་སྦྱོར་གྱི་སྐབས་ ཕམ་དང་སྤུན་ཆ་ཚུ་གིས་ ཕོ་མོ་གཉིས་ལུ་ ཏི་རུ་དང་ ཅ་ལ་ ལ་སོགས་པའི་ ཁྱོསམ་ཚུ་དང་གཅིག་ཁར་ ཁ་དར་ཚུ་ ཕུལ་སྲོལ་ཡོདཔ་ཨིན།

    རྒྱ་ཁབ་ཀྱི་ ནུབ་ཕྱོགས་ས་གནས་ཚུ་ནང་ འབད་བ་ཅིན་ གཉེན་རྐྱབ་ཚར་བའི་ཤུལ་ལུ་ ཕོ་རྒས་དེ་ ཨམ་སྲུའི་ཁྱིམ་ནང་འགྱོཝ་ཨིནམ་དང་ ཤར་ཕྱོགས་ཁ་ཐུག་ལུ་ འབད་བ་ཅིན་ ཨམ་སྲུ་ རྨགཔ་གི་ཁྱིམ་ན་ འགྱོ་སྲོལ་ཡོདཔ་ཨིན་རུང་ དེ་ངེས་པར་དུ་འབད་དགོཔ་མེདཔ་ཨིན། གཉེན་སྦྱོར་འབད་ཞིནམ་ལས་ ཁ་བྱལ་ནི་ལུ་ རྣམ་ཏོག་སྐྱེ་ནི་མེདཔ་དང་ ཁ་བྱལ་བའི་ཤུལ་ལུ་མང་ཤོས་ཅིག་གི་ ལོག་ཏེ་ མི་སོ་སོ་དང་གཅིག་ཁར་ གཉེན་རྐྱབ་ཨིན། དེ་འབདཝ་ད་ རྒུད་འཐུས་དེ་ ག་་འཐུས་ཤོར་མི་དེ་གིས་སྤྲོདཔ་ཨིན།

  • མེ་བྱང: ཤི་ནི་དེ་ སྐྱེ་བ་སོ་སོ་ལེན་དོ་བཟུམ་ཅིག་ཨིནམ་ལས་ དེ་གི་སྐབས་ ཚེ་འདས་འདི་ སྐྱེ་བ་ལེགས་ཤོམ་ཅིག་ཐོབ་ནིའི་དོན་ལུ་ ཆོ་གུའི་རིགས་ ལེ་ཤ་གཏང་དགོཔ་ལས་ དེ་ལུ་ ཟད་འགྲོ་ ལེ་ཤ་འགྱོཝ་ཨིན། མེ་བྱང་དེ་ རྩིསཔ་གིས་བསླབ་མི་ ཉིནམ་ལེགས་ཤོམ་ཅིག་ལུ་འབདཝ་ཨིན་རུང་ མི་དེ་ཤི་ཏེ་ཉིནམ་བདུན་གྱི་ནང་འཁོད་ནང་ལུ་འབདཝ་ཨིན། ཚེ་འདས་དེའི་ཤི་དུསའི་སྐབས་ལུ་ དར་ཤིང་ཚུ་འཕྱར་ཏེ་ ཆོ་གུ་ཚུ་གཏང་ནི་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ ལོ་གསུམ་གྱི་རིང་ལུ་ ཤི་བའི་དུས་དེ་ལུ་ ཆོ་གུ་ཚུ་གཏང་སྲོལ་ཡོདཔ་ཨིན། ཚེ་འདས་དེའི་ ཉེ་ཚན་ཚུ་དང་གཡུས་ཁའི་མི་ཚུ་གིས་ ཆུམ་དང་ཆང་ལ་སོགས་པ་ཚུ་འབག་སྟེ་ ལྟ་བ་འོང་སྲོལ་ཡོདཔ་ཨིན།
  • Bhutanese Dressའབྲུག་པའི་གྱོན་ཆས།

  • འབྲུག་པའི་གྱོན་ཆས: རང་ལུགས་འབྲུག་པའི་གྱོན་ཆས་དེ་ འཛམ་གླིང་ནང་ག་དང་ཡང་མ་འདྲ་བའི་ གྱོན་ཆས་ཅིག་ཨིན། ཕོ་རྒས་ཚུ་གི་ བགོ་ཟེར་ པུས་མོ་གུ་ཚུན་ཚོད་སྦེ་ སྐེད་པ་ལུ་ སྐེད་ར་གིས་བསྡམས་ཏེ་གྱོནམ་ཨིན། སྔར་གསོལ་ལྟར་དུ་འབད་བ་ཅིན་ ཧེམ་ཅུང་དེ་ནང་ལུ་ ཏི་རུ་དང་ཕོརཔ་ དེ་ལས་རྡོག་མ་ཚུ་བཙུགསཔ་ཨིནམ་དང་ ཕོ་རྒས་ཚུ་གི་ ཧེམ་ཅུང་ནང་ལུ་ སྐེད་ར་གི་ནང་ན་ལས་སྦེ་ གྱི་ཅུང་བཙུགས་ནོ་ཡོདཔ་ཨིན། དེ་འབདཝ་ད་ལུ་ ཤར་ཕྱོགས་ཀྱི་ བོརོག་པ་དང་ ནུབ་ཕྱོགས་ཀྱི་ ལ་ཡཔ་ཚུ་ལུ་ཁོང་རའི་ གྱོན་ཆས་ མ་འདྲཝ་ཅིག་ཡོདཔ་ལས་ ཁོང་ཚུ་གི་ བགོ་དང་དཀྱི་ར་ཚུ་ གྱོན་ནི་མེདཔ་་ཨིན། བོརོག་པ་ཚུ་གི་ གཡག་གི་སྤུ་དང་ ལུག་གི་བལ་ སེམས་ཅན་གྱི་སྤ་ཀོ་ཚུ་ལས་བཟོ་བའི་ བགོ་ལ་དང་ ཞྭམ་ ཟུར་ཁ་ལས་ རལཔ་ཡོད་མི་ཚུ་ བཙུགསཔ་ཨིན། ལ་ཡཔ་ ཕོ་རྒས་ཚུ་གིས་ བགོ་གྱོནམ་ཨིནམ་དང་ ཨམ་སྲུ་ཚུ་གིས་ རྐང་མའི་ཚིགས་ཏོ་ ཚུན་ཚོད་འབད་མི་གཡག་གི་སྤུ་གི་བཟོ་བཟོ་བའི་ གྱོན་ཆས་ཆ་ཚང་ཅིག་གྱོནམ་ཨིནམ་དང་ མགུ་ཏོག་ཁར་ ཚར་གྱི་ཞྭམ་ཚུ་བཙུགསཔ་ཨིན། རྫོང་གཞི་དང་ ཡིག་ཚང་ཚུ་ནང་འགྱོ་བའི་སྐབས་ བཀབ་ནེ་ བཀབ་ནི་དེ་ སྒྲིག་མཐུན་ཅིག་ཨིནམ་དང་དེ་གིས་ མི་གི་གོ་གནས་ཚུ་ཡང་སྟོནམ་ཨིན་། དཔེར་ན་ མངའ་བདག་རིན་པོ་ཆེ་གི་ ན་བཟའ་ཚོས་གཞི་གསེརཔོ་དང་ བློན་པོ་ཚུ་གི་ ལི་ཝང་ དྲང་དཔོན་ཚུ་གི་ ལྗང་ཁུ་ དེ་ལས་རྫོང་ཁག་བདག་སྐྱོང་པ་ཚུ་གི་ ཚོས་གཞི་དམརཔོ་གུ་ ཐིག་ཁྲ་དཀརཔོ་རྐྱབ་རྐྱབས་ཚུ་དང་ སྤྱིར་གཏང་མི་གནགཔོ་ཚུ་གི་ ཚོས་གཞི་དཀརཔོ་གུ་ རལཔ་ཡོད་མི་ཚུ་བཀབ་སྲོལ་ཡོདཔ་ཨིན།
    ཨམ་སྲུ་ཚུ་གི་ དཀྱི་ར་ཟེར་ རྐང་མའི་ཚིག་ཏོ་གུ་ཚུན་ཚོད་འབད་མི་ སྐེད་པ་ལུ་ སྐེད་རེས་ཀྱིས་་བསྡམས་ཏེ་གྱོནམ་ཨིན། ཁོང་ཚུ་གི་ རག་ཅུང་ཟེར་ ལགཔ་གིས་འཐག་ཐགཔ་ ཟུར་ཁ་ལས་ རལ་པ་ཡོད་མི་ བཀབ་ཨིནམ་དང་ རག་ཅུང་དེ་ ཕོ་རྒས་ཀྱི་བཀབ་ནེ་དང་ཕྱདཔ་དང་ ཆུང་སུ་སྦེ་ཡོདཔ་ཨིན།
  • བཞེས་སྒོ་ཟ་ཐངས: འབྲུག་པའི་མི་ཚུ་ བཞེས་སྒོ་ལགཔ་གིས་ཟཝ་ཨིནམ་དང་ ཐུརམ་གྱི་ཟ་ནི་དེ་རོག་ལས་དཔེ་བལྟ་བལྟ་བའི་ལུགས་སྲོལ་ཅིག་ཨིན་མས། བཟའ་ཚང་ཚུ་ ས་ཁར་ གྱལ་སྒོར་སྒོར་སྦེ་སྡོན་ཞིནམ་ལས་ ཨའི་དེ་གིས་ལྟོ་བླུགས་བྱིནམ་ཨིན། ད་ལྟོ་བར་ན་ཡང་ འབྲུག་མི་མང་ཤོས་ཅིག་གིས་ སྔར་སྲོལ་གྱི་ ཟླ་པ་དང་བང་ཅུང་ཚུ་ལག་ལེན་འཐབ་ནི་ཡོདཔ་ཨིནམ་དང་ ཞེས་སྒོ་མ་ཟ་བའི་ཧེ་མ་ ཆོས་སྲུང་དང་གནོད་པའི་གདོན་ཚུ་ལུ་ ལྟོ་ཕུད་ཏོར་སྲོལ་ཡོདཔ་ཨིན། འབྲུག་མི་ཚུ་གི་བཞེས་སྒོ་དགའ་ཤོས་དེ་ ཨེ་མ་དར་ཚིལ་དང་ ཕགཔ་ཤ་དེ་ལས་ནོར་ཤ་ཚུ་ཨིནམ་དང་ ཨེ་མ་ མེད་པའི་ཞེས་སྒོ་ གནམ་མེད་ས་མེད་ཅིག་བཟོ་ནི་མེདཔ་ཨིན། མི་ཚུ་གིས་ སུ་ཇ་དང་ ཆང་གི་རིགས་ཚུ་ཐུང་ནི་ཡོདཔ་ཨིནམ་དང་ མང་ཤོས་ཅིག་གིས་ ཧེམ་ཅུང་ནང་ལུ་ རྡོག་མ་བཙུགས་འབག་སྲོལ་ཡོདཔ་མ་ཚད་ གཞན་ལུ་རྡོག་མ་འབྱིན་ནི་དེ་ མཐུན་འབྲེལ་དང་ གུས་ཞབས་ སྦྱིན་སེམས་ཀྱི་ རྟགས་ཅིག་སྦེ་བརྩིཝ་ཨིན།
  • Festivalsདུས་སྟོན།

  • དུས་སྟོན: འབྲུག་པའི་ཟླ་ཐོ་ནང་ཡོད་མི་ དུས་སྟོན་ཚུ་གི་ནང་ལས་ ཡོངས་གྲགས་ཆེ་ཤོས་དེ་ རྒྱལ་ཁབ་མཐའ་དབུས་མེད་པ་ཁྱབ་ཡོད་པའི་ རྫོང་གཞི་དང་ ལྷ་ཁང་མགོན་སྡེ་ཚུ་གི་ཚེས་བཅུ་དེ་ཨིན། ཚེས་བཅུ་དེ་ སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ རྗེ་དྲེན་གྱི་དོན་ལུ་ འཆམ་གྱི་དུས་སྟོན་ཅིག་སྦེ་བརྩིཝ་ཨིནམ་དང་དེ་གི་སྐབས་ ལུས་ངག་ཡིད་གསུམ་གྱི སྒྲིབ་བ་ཚུ་དགས་ནིའི་དོན་ལུ་ མཐོང་སྒྲོལ་ཚུ་ཡང་མཇལ་ནི་ཡོདཔ་ཨིན། དེ་བཟུམ་གྱི་དུས་སྟོན་དེ་ མི་ག་ར་གཅིག་ཁར་འཛོམས་ཏེ་ རང་གི་ བགོ་ལ་དང་རྒྱན་ཆ་ཚུ་བཏགས་ནིའི་བགོ་སྐབས་ཅིག་ཡང་ཨིནམ་ལས་ དུས་སྟོན་ཁྱད་པར་ཅན་དེ་ བརྩི་སྲུང་ཞུ་ནིའི་དོན་ལས་ ས་གནས་ཁག་སོ་སོ་མི་ཚུ་ག་ར་འཛོམས་དོ་ཡོདཔ་ཨིན།