སྐད་ཡིག་ཚུ༌

ཨེན་ཨེསི་སི་སི་སི་གི་སྐོར་ལས།

འབྲུག་རྒྱལ་ཡོངས་ ཁྲི་མངའ་གསོལ་དང་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་ འགོ་འདྲེན་ཚོགས་ཆུང་འདི་ ཁག་ཆེ་བའི་དུས་སྟོན་འགོ་འདྲེན་འཐབ་ནིའི་དོན་ལུ་ གཞུང་གིས་ དམིགས་བསལ་གྱིས་ གཞི་བཙུགས་འབད་ཡོད་པའི་ཚོགས་ཆུང་ཅིག་ཨིན།

གནམ་ལོ་ ༢༠༠༨ ཀྱི་ལོ་འདི་ ཁྱད་པར་ཅན་ཅིག་ཨིནམ་དང་ ལོ་འདི་ནང་ རྒྱལ་རབས་དང་ལྡན་པའི་རྟེན་འབྲེལ་རྣམ་པ་གསུམ་གྱི་ཐོག་ལུ་ བརྩི་སྲུང་ཞུ་ནི་ཨིན།
མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ རང་ལུགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ཞུ་ནི་ཨིནམ་དང་ དུས་དེ་ལས་འགོ་བཟུང་སྟེ་ རྒྱལ་ཁབ་ནང་ བླ་ན་མེད་པའི་རྒྱལ་བརྒྱུད་ཀྱི་ཐོག་ལུ་ འབངས་མི་སེར་ཡོངས་ཀྱི་རེ་དོན་གྲུབ་སྟེ་ ཐུགས་ཀྱི་དགོངས་བཞེད་བླ་ན་མེད་པའི་སྒོ་ལས་ དབང་ཕྱུག་བརྒྱུད་འཛིན་གྱི་མཛད་བཤུལ་བཟང་པོ་ རྒྱུན་མ་ཉམས་པར་ རྒྱལ་འབངས་གཉིས་སྔར་ལས་ལྷག་སྟེ་ སྐྱོང་ནིིའི་དུས་སྐལ་བཟང་པོ་ཅིག་ཨིན།

ཉིནམ་དེ་ལུ་ འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་ ༡༩༠༧ ལས་ཚུར་ དབང་ཕྱུག་བརྒྱུད་འཛིན་གྱི་སྲོལ་བཙུགས་ རྒྱལ་བརྒྱུད་ཀྱི་གཞུང་དབུ་བརྙེས་ཏེ་ མི་ལོ་བརྒྱ་འཁོར་བའི་དུས་སྟོན་ཡང་ བརྩི་སྲུང་ཞུ་ནི་ཨིན། དེ་བསྒང་ ང་བཅས་མི་སེར་ཡོངས་ཀྱིས་ རྒྱལ་ཁབ་ནང་ལུ་ སྔར་མ་བྱུང་བའི་དགའ་སྐྱིད་དང་ཞི་བདེའི་ངང་ལུ་ ཆབ་སྲིད་སྐྱོང་མི་ རྒྱལཔོ་རིམ་བྱོན་ཚུ་ལུ་ གུས་བཏུད་དང་བཀྲིན་རྗེས་སུ་དྲན་ནིའི་དུས་སྐལ་བཟང་པོ་ཅིག་ཨིན། དེ་མ་ཚད་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ ད་ལྟོའི་གནས་སྟངས་ལུ་ལྷོད་ཚུགས་ཚུགས་ དད་དམ་གཙང་མའི་སྒོ་ལས་ ཕྱག་ཕྱིད་གང་དྲགས་ཞུ་མི་ ཧེ་མ་དང་ད་ལྟོ་ཡོད་བཞིན་པའི་ འབྲུག་མི་ཚུ་ལུ་ཡང་ གུས་བཏུད་ཞུ་ནིའི་ཉིནམ་ཅིག་ཨིནམ་དང་ ད་ལས་ཕར་ རྒྱལ་ཁབ་འདི་ ད་ལྟོ་ཡོད་མི་ལས་ལྷག་སྟེ་ ཡར་རྒྱས་གོང་འཕེལ་གཏང་ནིི་ལུ་ རྩ་བ་གསུམ་ལུ་ ཆེད་དུ་དམིགས་ཏེ་ དང་ལེན་འབད་ནིིའི་ཉིནམ་ ག་ནི་བ་ཁག་ཆེ་ཏོག་ཏོ་ཅིག་ཨིན།

དུས་ཅིག་ ༢༠༠༨ ཀྱི་ལོ་ལུ་ ང་བཅས་རའི་རྒྱལ་ཁབ་ནང་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ མཁྱེན་རྒྱ་རྒྱ་ཆེའི་སྒོ་ལས་བརྩམས་གནང་མི་ རྩ་ཁྲིམས་ཅན་གྱི་ལམ་སྟོན་བཟང་པོའི་མངའ་འོག་ལུ་ དམངས་གཙོའི་རིམ་ལུགས་གསརཔ་ འགོ་བཙུགས་གནང་ནི་དང་འབྲེལ་ ད་ལྟོ་ཚུན་ཚོད་ལུ་ མི་དབང་རིམ་བྱོན་ཚུ་གིས་ རྒྱལ་ཁབ་དང་མི་སེར་ཁོ་ནའི་མཐའ་དོན་ལུ་དམིགས་ཏེ་ རྒྱལ་སྲིད་སྐྱོང་བའི་རྟེན་འབྲེལ་བརྩི་སྲུང་ཞུ་ནི་ཨིན།

འབྲུག་རྒྱལ་ཡོངས་ ཁྲི་མངའ་གསོལ་དང་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་ འགོ་འདྲེན་ཚོགས་ཆུང་གི་ཁ་ཐུག་ལས་ འབྲུག་གི་མི་སེར་ཕོ་མོ་ཡོངས་ལུ་ དུས་སྟོན་བརྩི་སྲུང་དང་འབྲེལ་ ས་ཕོ་བྱི་ལོའི་ལོ་ལུ་ བཀྲིས་བདེ་ལེགས་ཡོད།