མི་དབང་མཆོག་གི་ དགོངས་འཆར།
འབྲུག་རྒྱལ་ལྔ་པ་མཆོག་གིས་ གནམ་ལོ་ ༢༠༠༦ གི་ རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་གནང་མི་གསུང་བཤད།
ད་རིས་ ག་ནི་བ་ རྩ་ཆེ་བའི་ འབྲུག་གི་རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ ཁྱེད་མི་སེར་ཚུ་དང་ཕྱདཔ་ད་ ག་དེ་སྦེ་སླབ་ན་ཡང་ མ་ཤེསཔ་ཐལ་སོ་ཡི། ལོ་ངོ་ ༣༤ གི་རིང་ ང་བཅས་ར་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ཕྱིའི་ལྕགས་རི་ ནང་གི་ནོར་བུ་ ང་བཅས་རའི་མི་སེར་ཚུ་གི་ ཕྱག་འཚལ་སའི་རྟེན་ དྲིན་ཅན་གྱི་ཕམ་ཟེར་རུང་ག་ར་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་ཨིན།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་ ༡༦ ལས་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ གསེར་ཁྲི་གུ་ཕེབས་ཞིནམ་ལས་ཚུར་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་རབས་ནང་མ་ཚད་ འཛམ་གླིང་གི་རྒྱལ་རབས་ནང་ཚུད་པའི་ ཕྱག་ལཱ་ཚུ་ མཛད་གནང་ཡི། མི་དབང་མངའ་བདག་རིན་པོ་ཆེ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལོ་ངོ་ ༣༤ གི་རིང་ལུ་ གནམ་མེད་ས་མེད་ དཀའ་སྤྱད་གནང་སྟེ་བསྒྲུབས་མི་ རྒྱལ་ཁབ་འདི་ ལོ་གཅིག་བ་ལོ་གཅིག་ལེགས་ཤོམ་དང་སྒྲིང་སྒྲིང་བཟོ་ཐོག་ལས་ རྒྱལ་ཁབ་ཀྱི་གཞི་གྱམ་དེ་ མ་བཏུབ་བཏུབ་སྦེ་ བཙུག་གནང་མི་དེ་གིས་ ད་རེས་ཀྱི་ དུས་རབས་ནང་སྡོད་མི་མི་སེར་ཚུ་ལུ་ཡང་ ཕན་ཐོགསཔ་མ་ཙད་ ང་བཅས་རའི་ མ་འོངས་པའི་མི་སེར་དང་ རྒྱལ་ཁབ་ལུ་ ཕན་ཐོགསཔ་སྦེ་ བཟོ་གནང་སྟེ་ཡོད།
ད་རིས་འབདཝ་ད་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ང་བཅས་རའི་རྒྱལ་ཁབ་ཀྱི་དབང་ཚད་དང་ རྒྱལ་ཁབ་བདག་འཛིན་འཐབ་ནི་འདི་ མི་སེར་ཚུ་ལུ་ཧྲིལ་བུ་་སྦེ་ར་ རྩིས་སྤྲོད་གནང་ཚར་ཡི། ང་ར་འབད་རུང་ འགན་ཁུར་ག་ནི་བ་རྩ་ཆེ་ཏོག་ཏོ་སྦེ་ ཕོག་སྟེ་ཡོདཔ་ལས་ ད་ལས་ཕར་ང་རའི་བློ་གཏད་སར་ ང་བཅས་རའི་ རྒྱལ་ཁབ་ལུ་ཤ་ཚ་སྟེ་ཐ་དམ་ཚིག་ གཙོ་བོར་སྟོན་ཐོག་ལས་ མ་བཏུབ་བཏུབ་སྦེ་ཕྱག་ཞུ་འོང་། འདི་ལུ་ ང་རའི་ཁ་ཐུག་ལས་སེམས་ཀྱི་ ཚ་གྱང་དང་ དོགས་པ་རྩ་ལས་མེད།
ད་རིས་ ག་ནི་བ་རྩ་ཆེ་བའི་ཉིནམ་འདི་ཁར་ ང་བཅས་ག་ར་དང་ ང་བཅས་རའི་རྫོང་ཁག་ ༢༠ གི་ མི་སེར་ཚུ་གི་ སྨོན་ལམ་ཟེར་རུང་ མི་དབང་མངའ་བདག་རིན་པོ་ཆེ་སྐུ་ཚེ་ ཞབས་པད་བརྟན་ ཁོ་ར་གིས་གནང་མི་ རྒྱལ་ཁབ་འདི་ ང་བཅས་རའི་མི་སེར་ཚུ་གིས་འབད་ ད་ལས་ཕར་བདག་འཛིན་ ལེགས་ཤོམ་སྦེ་འཐབ་སྟེ་ ལོ་གཅིག་བ་ལོ་གཅིག་ ལྷག་པར་དུ་སྒྲིང་སྒྲིང་བཟོ་ཐོག་ལས་ ལོ་ངོ་ ༣༠ དེ་ཅིག་གི་རྒྱབ་ལས་ མི་དབང་མངའ་བདག་རིན་པོ་ཆེ་གིས་བཟོ་གནང་དོ་བཟུམ་སྦེ་ ང་བཅས་རའི་རྒྱལ་ཁབ་དེ་ངལ་རངས་ཏོག་ཏོ་སྦེ་ མ་འོངས་པའི་ མི་སེར་དང་ ཨ་ལོ་ཚུ་ལུ་ ལེགས་ཤོམ་སྦེ་རྩིས་སྤྲོད་ནི་གི་སྨོན་ལམ་ཡོད།
ང་བཅས་རའི་ མི་སེར་ཚུ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མི་དབང་མངའ་བདག་རིན་པོ་ཆེ་དང་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ལུ་ ཐ་དམ་ཚིག་གཙོ་བོར་བསྟེན་ཏེ་ ཕྱག་ལེགས་ཤོམ་སྦེ་ཞུ་ནི་དེ་གིས་ ང་རའི་ཁ་ཐུག་ལས་ སེམས་ཀྱི་ཧིང་ལས་ར་ བཀྲིད་དགའ་ཚོར་སྦོམ་སྦེ་ར་ཡོད།
ད་རིས་ནཱ་ ཅང་གླིང་མི་ཐང་ལུ་ཡོད་མི་ སློབ་གྲྭའི་བུཚ་དང་བུམོ་ཚུ་རྐྱངམ་ཅིག་མིན་པར་ ང་བཅས་རའི་རྫོང་ཁག་ ༢༠ གི་སློབ་གྲྭའི་ན་གཞོན་ཚུ་ལུ་ འགན་ཁུར་ཐེབས་ཅིག་ར་ ཕོག་སྟེ་ཡོདཔ་ད་ལུ་ ཁྱེད་ཚུ་གི་སེམས་ཁར་བཞག་དགོཔ་དེ་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་རྒྱལ་རབས་འདི་ཨིན། ཁྱེད་ཀྱིས་ ང་བཅས་རའི་རྒྱལ་ཁབས་འདི་ལེགས་ཤོམ་སྦེ་ ཤེས་པ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་གིས་རྒྱལཔོ་མཛད་གནང་ཞིནམ་ལས་ཚུར་ ཕྱག་ལཱ་ག་དེམ་ཅིག་མཛད་གནང་ཡི་ག? ཕྱག་ལཱ་མཛད་པའི་སྐབས་ལུ་ གྲུབ་འབྲས་ག་དེ་སྦེ་ཐོན་ཡི་ག? ད་ལས་ཕར་ ཁྱེད་ཆ་ཁྱབ་ཀྱི་ལག་པར་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ག་ཅི་རྩིས་སྤྲོད་གནངམ་ཨིན་ན་ ཁྱེད་ཆ་ཁྱབ་ཀྱིས་ ལེགས་ཤོམ་སྦེ་ར་ ཧ་གོ་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ང་བཅས་རའི་ རྒྱལ་ཁབ་འདི་ཁྱེད་ཆ་ཁྱབ་ཀྱི་ལག་པར་རྩིས་སྤྲོད་གནངམ་ད་ལུ་ ཁྱེད་ཀྱིས་ ལྷག་པར་དུ་ བདག་འཛིན་འཐབ་ནི་དང་ ཕྱག་ཞུ་ཤེསཔ་འབད་དགོ།
གནམ་ལོ་ ༡༩༧༢ ཀྱི་ལོ་དང་ ད་རིས་ང་བཅས་ཀྱི་ཤེས་མི་ རྒྱལ་ཁབ་འདི་ མ་པ་ལས་རང་མི་འདྲ་བས། ད་རེས་ ང་བཅས་རའི་ གདོང་ཁར་ཡོད་མི་རྒྱལ་ཁབ་ ང་བཅས་ར་གིས་མཐོང་མི་རྒྱལ་ཁབ་ ང་བཅས་ཀྱི་ཤེས་མི་རྒྱལ་ཁབ་ ང་བཅས་རའི་ ལག་པར་སྤྲོད་གནང་མི་ མི་དབང་མངའ་བདག་རིན་པོ་ཆེ་གིས་ དགུང་ལོ་ ༡༦་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལོ་ངོ་ ༣༤ པའི་དོན་ལུ་ གནམ་མེད་ས་མེད་ དཀའཝ་དཔྱད་གནང་སྟེ་ བསྒྲུབས་སྒྲུབ་ཀྱི་རྒྱལ་ཁབ་ཅིག་ཨིན།
ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ཕྱག་ལཱ་ག་ཅི་ར་མཛད་རུང་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ རང་དབང་དང་ སྲུང་སྐྱོབ་ མི་སེར་གྱི་མཐའ་དོན་དང་སྐྱིད་སྡུག་ ཕན་བདེ་དང་ རེ་འདོད་ཚུ་ གཙོ་བོ་བཏོན་གནང་སྟེ་ ང་བཅས་རའི་ རྒྱལ་ཁབ་འདི་ ལོ་གཅིག་བ་ལོ་གཅིག་སྒྲིང་སྒྲིང་དང་ ཕྱུགཔོ་ ལེགས་ཤོམ་བཟོ་ཐོག་ལས་ ད་རེས་འབདཝ་ད་ ང་བཅས་རའི་དམང་གཙོའི་གཞུང་གི་ལམ་ལུགས་དང་ སྲིད་ཀྱི་ལམ་ལུགས་ཚུ་ཡང་ འགོ་བཙུགས་གནང་། ང་བཅས་རའི་ རྒྱལ་ཁབ་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་གནང་སྟེ་ རྒྱལ་ཁབ་འདི་དགའ་ཏོག་ཏོ་སྦེ་སྡོད་པའི་སྐབས་ལུ་ དབང་ཚད་དང་ འགན་ཁུར་ཚུ་ག་ར་ ང་བཅས་རའི་མི་སེར་ཚུ་ལུ་ཧྲིལ་བ་འབག་གནངམ་ཨིན།
དེ་བཟུམ་སྦེ་ ལུང་བསྟན་གྱི་རྒྱལཔོ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་བྱོན་ རྒྱལ་རབས་ནང་ཚུད་པའི་ཕྱག་ལཱ་ཚུ་མཛད་ རྒྱལ་རབས་ནང་ཚུད་པའི་གོ་སྐབས་ ང་བཅས་མི་སེར་ཚུ་ལུ་ ཐོབ་མི་བཟུམ་ཅིག་ ང་བཅས་རའི་མི་ཅིག་ ང་བཅས་རའི་མི་ཚེ་འདི་ནང་ རྩ་ལས་ར་མི་ཐོན་ཟེར་མནོཝ་མས། འདི་བཟུམ་མའི་ གོ་སྐབས་ཐོབ་ད་ལུ་ ང་བཅས་མི་སེར་ཚུ་གིས་འབད་རུང་ར་ མནོ་བསམ་ལེགས་ཤོམ་འབད་བཏང་སྟེ་གོ་སྐབས་འདི་བར་སྟོང་མ་བཏང་པར་ ང་བཅས་རའི་མི་དབང་མངའ་བདག་རིན་པོ་ཆེ་ ཐུགསཕམ་ནི་མེདཔ་ཅིག་ འབད་ནི་དང་ རྒྱལ་ཁབ་ད་ལྟོ་བ་ལྷགཔ་སྦེ་ བདག་འཛིན་འཐབ་སྟེ་ སྒྲིང་སྒྲིང་དང་ ལེགས་ཤོམ་བཟོ་ནི་གི་ འགན་ཁུར་ག་ར་ ང་བཅས་མི་སེར་ཚུ་ལུ་ཕོག་སྟེ་ཡོད།
ད་ལས་ཕར་ ང་བཅས་རའི་ དཔལ་་ལྡན་འབྲུག་པའི་ རྒྱལ་ཁབ་ལུ་ ཕྱག་ཞུ་བའི་སྐབས་ ང་བཅས་མི་སེར་དང་ཁྱེད་ན་གཞོན་ཚུ་གིས་ སེམས་ཁར་བཞག་དགོཔ་དེ་ར་ དང་པ་དུས་ནམ་ར་འབད་རུང་ ང་བཅས་རའི་ རྒྱལ་ཁབ་འདི་ དགའ་ཏོག་ཏོ་དང་སྐྱིད་སྟོང་ཏོ་སྦེ་བཞག་ནི་འདི་ཨིན།
གཉིས་པ་འབདཝ་ད་ ང་བཅས་རའི་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་དེ་ ལེགས་ཤོམ་སྦེ་བདག་འཛིན་འཐབ་ནི་འདི་ཨིན།
གསུམ་པའི་ཐད་ཁར་ལྷོདཔ་ད་ལུ་ ང་བཅས་རའི་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་འཛུགས་གནང་མི་ རྩ་ཁྲིམས་ཆེན་མོ་དང་དམང་གཙོའི་གཞུང་གི་ལམ་ལུགས་དང་ སྲིད་ཀྱི་ལམ་ལུགས་དེ་ར་ ལེགས་ཤོམ་སྦེ་སྒྲིང་སྒྲིང་བཟོ་སྟེ་ ང་བཅས་རའི་ རྒྱལ་ཁབ་ནང་ མི་སེར་ལུ་ཕན་ཐོགསཔ་སྦེ་བཞག་ནི་འདི་ཨིན།
མཇུག་རང་ ད་ལས་ཕར་ ང་བཅས་ར་ ལཱ་ག་ཅི་ར་འབད་རུང་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་ མི་དབང་མངའ་བདག་རིན་པོ་ཆེ་གིས་ འགོ་བཙུགས་གནང་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་འདི་གཙོ་བོར་སྟོན་ཐོག་ལས་ ག་དེ་དྲག་དྲག་ ང་བཅས་མི་སེར་ཚུ་གིས་འབད་ཕྱག་ཞུ་དགོ།
ང་བཅས་རའི་རྒྱལ་ཁབ་ཀྱི་ དམིགས་ཡུལ་ཚུ་ དོན་ལེགས་ཤོམ་སྦེ་སྒྲུབ་དགོ་པ་ཅིན་ ང་རའི་ཁ་ཐུག་ལས་ མནོ་བསམ་ད་དེ་སྦེ་རང་བཏང་བལྟ་རུང་ ཁག་ཆེ་ཤོས་དེ་ར་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་དེ་་ཨིན།
ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ཀྱི་གནས་སྟངས་ཚུ་བལྟ་ ང་བཅས་རའི་ ཁྱིམ་ཚང་རྒྱལ་ཁབ་ཀྱི་གནས་སྟངས་དང་ རྒྱལ་ཁབ་གཞན་གྱི་གནས་སྟངས་ཚུ་ག་ར་ ལེགས་ཤོམ་སྦེ་བལྟཝ་ད་ལུ་ དུས་ནམ་ར་འབད་རུང་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ དམིགས་ཡུལ་ཚུ་ ལེགས་ཤོམ་སྦེ་བསྒྲུབ་དགོ་པ་ཅིན་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་ཕེལ་ཚུ་ ལོ་གཅིག་བ་ལོ་གཅིག་ལེགས་ཤོམ་དང་ ལོ་གཅིག་བ་ལོ་གཅིག་དྲགཔ་སྦེ་བཟོ་ཚུགས་པ་ཅིན་ ང་བཅས་མི་སེར་ག་ར་ཨིན་རུང་ ཚ་གྱང་ལངས་དགོཔ་མིན་དུག།
ད་རིས་ཀྱི་ཉིནམ་འདི་ཁར་ ང་རའི་ཁ་ཐུག་ལས་ མཇུག་ར་སླབ་ནི་ཟེར་རུང་ ཁྱེད་མི་སེར་ཚུ་ལུ་ད་ཅི་ སླབ་དོ་བཟུམ་སྦེ་ཨིན། མི་དབང་མངའ་བདག་རིན་པོ་ཆེ་ཆེ་གིས་ ཐུགས་ཧྲིལ་བུ་སྦེ་ ང་བཅས་མི་སེར་ཚུ་ལུ་ གཏད་གནངམ་ད་ལུ་ ང་བཅས་མི་སེར་ཚུ་གིས་འབད་རུང་ ག་དེ་དྲག་དྲག་རྩ་འགེངས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་ཐུགས་ཕམ་ནི་མེད་པར་བཞག་ནི་དང་ ང་བཅས་རའི་ རྒྱལ་ཁབ་འདི་ལུ་ མ་བཏུབ་བཏུབ་སྦེ་ཕྱག་ཞུ་ནི་དེ་ སྔར་བ་ལྷག་སྟེ་ ད་རེས་ཁག་ཆེཝ་སྦེ་ ཡར་སོ་ཡི།
ད་རིས་ག་ནི་བ་རྩ་ཆེ་བའི་ ཉིནམ་འདི་ཁར་ ངེད་ཀྱི་སྨོན་ལམ་ཟེར་རུང་ ནང་པ་སངས་རྒྱས་ཆོས་ལྡན་གྱི་གྱི་རྒྱལ་ཁབ་ གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་རླབས་པའི་རྒྱལ་ཁབ་ ང་བཅས་ར་ ཕྱག་འཚལ་བའི་རྟེན་ དྲིན་ཅན་གྱི་ཕམ་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ ང་བཅས་རའི་ འབྲུག་རྒྱལ་བཞི་པ་ མི་དབང་མངའ་བདག་རིན་པོ་ཆེ་ འཇིགས་མེད་སེང་གེ་དབང་ཕྱུག་གིས་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དུས་ནམ་ར་འབད་རུང་ བདེ་སྐྱིད་ཀྱི་ཉིམ་ཤར་ཏེ་ ང་བཅས་རའི་ མི་སེར་ཚུ་ག་ར་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་སྡོད་ནི་གི་ བཀྲིས་སྨོན་ལམ་ཡོད།
ང་བཅས་རའི་ མི་སེར་ག་ར་ལུ་ ང་རའི་ཁ་ཐུག་ལས་ བཀྲིས་བདེ་ལེགས་ཡོད།
མི་དབང་མཆོག་གིས་ སྤྱི་ལོ་ ༢༠༠༧ གྱི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་གནང་མི་གསུང་བཤད།
མི་དབང་རྒྱལ་སྲས་མཆོག་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་བྱོན་དུས།
ང་ར་ལཱ་འབད་བའི་སྐབས་ལུ་ གྲོས་ཐག་བཅད་ནི་ ག་ཅི་ར་ཡོད་རུང་ ཡ་རྟག་ར་ གནད་དོན་ཁག་གསུམ་རྐྱངམ་གཅིག་ སེམས་ཁར་བཞགཔ་ཨིན། འདི་ཡང་ གནད་དོན་དང་པ་འདི་ འབྲུག་གི་འཕྲལ་ཕུགས་གཉིས་ཆ་རའི་དོན་ལུ་ཞི་བདེ་དང་ སྲུང་སྐྱོབ་དགའ་སྐྱིད་ལུ་ བརྩོན་ནི་དང་ གནད་དོན་གཉིས་པའི་ནང་ ང་གིས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ མ་འོངས་པའི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་ཚུ་ བསྒྲུབ་ནི་དེ་ གལ་ཆེཝ་སྦེ་ཆ་བཞགཔ་ཨིན། གནད་དོན་གསུམ་པ་དེ་ ང་བཅས་རའི་ རྒྱལ་ཁབ་ཀྱི་དོན་ལུ་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཟོ་ནི་འདི་ཨིན།
ཞི་བདེ་སྲུང་སྐྱོབ་དང་གོང་འཕེལ།
ང་གིས་ ཞི་བདེ་དང་ སྲུང་སྐྱོབ་ཀྱི་སྐོར་ལས་སླབ་ད་ རྒྱལ་ཁབ་ཀྱི་ དམག་སྟོབས་ལུ་ ལོ་རྒྱུས་སླབ་མིན་པར་ ང་བཅས་རའི་ མི་སེར་ཚུ་གཅིག་ཁར་ བསྡོམས་ཐོག་ལས་ རང་གི་རྒྱལ་ཁབ་ལུ་ གཅེས་འཛིན་ཡོད་པའི་ཁར་ ལྷག་པར་དུ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་སྟེ་ ང་བཅས་རའི་ ཨ་ལོ་ཚུ་ལུ་ རྩིས་སྤྲོད་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་མིའི་ནང་ གཅིག་སྒྲིལ་ཡོད་མི་ལས་བྱུང་བའི་ ཞི་བདེ་དང་ སྲུང་སྐྱོབ་ལུ་སླབ་ཨིན།
འབྲུག་གི་ཞི་བདེ་དང་ སྲུང་སྐྱོབ་ངོ་མ་ར་ ང་བཅས་རའི་མི་སེར་ཚུ་གིས་གཅེས་འཛིན་དང་ ལཱ་ག་ཅི་ར་འབད་རུང་ དཀའཝ་སྤྱད་ནི་ལུ་ འཚེར་སྣང་དང་ འདྲོག་ནི་མེད་པར་ ལཱ་རྩ་འགེངས་ཏེ་འབད་མི་ལས་ འབྱུང་ནི་ཨིན།
ང་བཅས་ཀྱིས་ ཉིནམ་ཨ་རྟག་ར་ འབྲུག་མི་རེ་རེ་བཞིན་དུ་གིས་ ང་བཅས་རའི་ ལམ་སྲོལ་དང་ གོམས་གཤིས་ མཐའ་འཁོར་གནས་སྟངས་ལུ་ བརྩི་མཐོང་དང་ ཁྲིམས་ཀྱི་རིང་ལུགས་རྒྱུན་འཛིན་འབད་ནི་ དེ་ལས་ ང་བཅས་ཀྱིས་ འབྲུག་དང་ ང་བཅས་རའི་མ་འོངས་མི་རབས་ཚུ་གི་དོན་ལུ་ ཁག་ཆེ་མི་ ག་ཅི་ར་ཨིན་རུང་ ཉེན་སྲུང་འབད་ནི་ ང་བཅས་ཀྱིས་ང་བཅས་རའི་ལཱ་དང་འགན་ཁུར་ཚུ་ ཅི་ཤེས་གང་ལྕོགས་ཐོག་ལས་འབད་བ་ཅིན་ ང་བཅས་ཀྱིས་ ང་བཅས་རའི་ རེ་འདོད་ཚུ་དང་འཁྲིལ་ ང་བཅས་རའི་མི་ཚེའི་ནང་ཐུན་མོང་མ་ཡིན་པའི་ཐོག་ལས་ རྒྱལ་ཁབ་ཀྱི་གཞི་འགྱམ་ལྷག་པར་དུ་ འཕྲོ་མཐུད་དེ་ར་ སྒྲིང་སྒྲིང་བཟོ་ཚུགས་འོང་།
ང་གིས་ གནད་དོན་འདི་ཚུ་ལུ་ ཞི་བདེ་དང་ སྲུང་སྐྱོབ་དགའ་སྐྱིད་ཟེར་སླབ་ཨིན། ང་བཅས་ག་རའི་ཁ་ཐུག་ལས་ རྒྱལ་ཁབ་ལུ་ ཤ་ཚ་ཧིང་ཚ་དང་ གཅེས་འཛིན་ཡོད་མི་འདི་ ང་གིས་ཤེས། ད་ལྟོ་ ཁྱེད་ཆ་ཁྱབ་ མི་ཚེའི་ནང་ འགན་ཁུར་སྦོམ་འབག་ནི་གི་ དུས་ཚོད་ཁར་ ལྷོད་ཡོདཔ་ལས་ ཁྱེད་ཆ་ཁྱབ་ཀྱིས་ ཁྱེད་རའི་རྒྱལ་ཁབ་ལུ་ ཤ་ཚ་ཧིང་ཚ་རྐྱངམ་གཅིག་གིས་མ་ཚད་པར་ ཤ་ཞེན་གྱི་སྒོ་ལས་གཅེས་འཛིན་འབད་ནི་འདི་ ག་ནི་བ་གལ་ཆེ་ཟེར་སླབ་ནི།
ད་ གནད་དོན་གཉིས་པའི་ནང་ལྷོདཔ་ད – རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་སྒྲུབ་ནི་འདི་ཨིན།
དང་པ་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་མི་འདི་ ག་ཅི་ཨིན་ན་ཟེར་བ་ཅིན་ ང་བཅས་རའི་རྒྱལ་ཡོངས་ཀྱི་རྣམ་རིག་ལུ་ ངོས་ལེན་འབད་ནི་དང་ མ་འོངས་པའི་དོན་ལུ་ གྲོས་ཐག་ཡང་དག་དང་ ཕན་ཐོགས་ཅན་བཟོ་ནི་ལུ་ཕན་པའི་ ཐབས་བྱུས་ལུ་སླབ་བཞིན་དུ་ འདི་གིས་ ང་བཅས་ལུ་ འབྲུག་མི་ཚུ་ག་ར་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ དགའ་སྐྱིད་ཀྱི་ཉིམ་ཤར་ཏེ་ སྡོད་ནིའི་དོན་ལུ་ ཕན་བདེ་རྒྱུན་འཛིན་འབད་ནི་དང་ ལཱ་རྩ་འགེངས་འབད་དགོ་པའི་ དྲན་གསལ་འབདཝ་ཨིན།
ང་བཅས་རའི་ རྒྱལ་ཁབ་ཀྱི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ ག་ཅི་སྦེ་ ཁག་ཆེཝ་ཨིན་ན ? མི་རློབས་ཉུང་སུ་འབད་མི་ རྒྱལ་ཁབ་ཆུང་ཀུའི་ནང་ ང་བཅས་ལུ་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་གཅིག་ལུ་གཞི་བཟུང་ འབད་དགོཔ་འི་ གནམ་མེད་ས་མེད་ཁག་ཆེ། ང་བཅས་ཀྱི་ ཕྱོགས་སོ་སོ་ལུ་ ལཱ་འབད་ནི་མེན་པར་ ནམ་ར་ཨིན་རུང་ དམིགས་ཡུལ་གཅིག་ལུ་ གཙོ་བོར་བཟུང་སྟེ་ ང་བཅས་རའི་ མི་སེར་ཚུ་གི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་བསྒྲུབ་ཐབས་འབད་དགོ།
གལ་གནད་ཆེ་བའི་ དྲི་བ་ཅིག་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ དུས་རབས་ ༢༡ པའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་ག་དེ་སྦེ་ འཕྲོ་རྒྱུན་བསྒྲུབ་ཐབས་འབད་ནི་ཨིན་ན? ཁྱེད་ཆ་ཁྱབ་ཀྱིས་ སེམས་ཁར་བཞག་དགོཔ་འདི་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་དེ་ བསྒྱུར་བཅོས་རྩ་ལས་འགྱོ་མི་སྲིད་ནི་ཨིན་རུང་ འདི་ག་དེ་སྦེ་ བསྒྲུབ་ནི་ཨིན་ན་ ཐབས་ལམ་བཏོན་དགོ།
འཛམ་གླིང་ འཕོ་འགྱུར་ འགྱོ་མི་དང་བསྟུན་ འབྲུག་གི་དོན་ལུ་ དོ་འགྲན་དང་ གོ་སྐབས་གསརཔ་ཚུ་ གསལ་སྟོན་འབད་ནི་ཨིནམ་ལས་ མི་རབས་རེ་རེ་བཞིན་གྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་ཚུ་ བསྒྲུབ་ཐབས་འབད་ནི་ལུ་ ཐབས་དང་གནས་སྐབས་གསརཔ་ འཚོལ་ཐབས་འབད་ནི་གི་ འགན་ཁུར་འབག་དགོ།
དེ་རས་ནངས་པར་ འཛམ་གླིང་ནང་ དཔལ་འབྱོར་ཁྱད་འཕགས་དགོཔ་མ་ཚད་ ང་བཅས་རའི་ མི་ཚེའི་ནང་ ང་བཅས་རའི་མ་འོངས་གནས་སྟངས་དེ་ ལྷག་པར་དུ་ སྒྲིང་སྒྲིང་དང་ ཉེན་སྲུང་ཅན་བཟོ་ཐབས་ལུ་ ང་བཅས་ཀྱིས་ འབྲུག་གི་དོན་ལུ་ དཔལ་འབྱོར་སྒྲིང་སྒྲིང་བཟོ་ནི་ལུ་ ལཱ་འབད་མ་ཚུགས་པའི་ཐེ་ཚོམ་ ང་ལུ་ མ་པ་ལས་ར་མེད། གནད་དོན་འདི་ལུ་བརྟེན་ ང་བཅས་རའི་འཕྲལ་གྱི་དམིགས་ཡུལ་ ག་ཅི་ར་ཨིན་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་འཆར་དེ་གིས་ མཐའན་མཇུག་ལུ་ ང་བཅས་རའི་མི་སེར་ཚུ་ ཨ་རྟག་ར་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྡོད་ནི་ཡོདཔ་ ངེས་གཏན་བཟོ་ཚུགས་པའི་ ཡིད་ཆེ་ ང་ལུ་ཡོད།
ང་གིས་ ད་རེས་ནངས་པར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ བརྩེ་གདུང་ཅན་དང་ དབེ་བ་མེདཔ་ ཉམ་ཆུང་གི་གཞི་རྩའི་བརྩི་མཐོང་དང་ དཔལ་འབྱོར་གོང་འཕེལ་ལུ་བརྩོན་མི་ ཟམ་བཟུམ་ཅིག་ཨིནམ་སྦེ་ ཆ་བཞགཔ་ཨིན།
གནད་དོན་གསུམ་པའི་ནང་ - དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཟོ་ནི།
དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་ཅིག་བཟོ་ནིའི་ཐད་ལུ་ ནམ་ར་འབད་རུང་ དམངས་གཙོའི་སྐོར་ལས་སླབ་ད་ སྲིད་དནོ་དང་ བཙག་འཐུ་ སྲིད་དོན་ཚོགས་པ་ཚུ་ ང་བཅས་རའི་ སེམས་ཁར་དྲན་མི་དེ་རང་བཞིན་ཅིག་ཨིན། མ་གཞི་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ བཙག་འཐུ་ཚུ་ དམངས་གཙོའི་ལམ་ལུགས་ཀྱི་ཡན་ལག་ཅིག་ཨིན་རུང་ དམངས་གཙོའི་རིང་ལུགས་དེ་ སྲིད་དོན་རྐྱངམ་གཅིག་གི་སྐོར་ལས་མེནམ་ད་ དམངས་གཙོ་དེ་ ཕན་གནད་དང་ གཞི་རྩའི་སྐོར་ལས་ རང་གི་རྒྱུད་ལུ་ལྡན་མི་ཅིག་ཨིན།
ང་བཅས་ཀྱིས་ གཞན་དང་མ་འདྲ་བའི་ དོན་ཟབ་ཅན་གྱི་ རྩ་ཁྲིམས་ཅིག་ཟིན་འགོད་འབད་ཚུགས་མི་དེ་ལུ་ དཔའ་ཉམས་ཡོད་ཟེར་གསུངས་ཡི། ད་ལྟོ་ ང་བཅས་རའི་ མི་སེར་ཚུ་གི་ རེ་འདོད་བསྒྲུབ་ཚུགས་པའི་ དམངས་གཙོའི་རིང་ལུགས་ཅིག་དགོ་པ་ཅིན་ དམངས་གཙོའི་འོས་འབབ་དང་ གཞི་རྩ་ཚུ་ ཆ་འཇོག་འབད་དགོཔ་མ་ཚད་ དམངས་གཙོའི་ལམ་སྲོལ་ཅིག་ བཟོ་དགོཔ་ཨིན། ད་ལྟོ་ དམངས་གཙོའི་རིང་ལུགས་སྐོར་ ལེ་ཤ་སླབ་ད་ དུས་ཚོད་འགོར་རུང་ རྒྱལ་ཁབ་ནང་དམངས་གཙོའི་རིང་ལུགས་ མཐར་འཁྱོལ་འབྱུང་ནིའི་ གནད་དོན་ཁག་ཆེ་ཅན་ཅིག་ཨིནམ་ལས་ སླབ་ཨིན།
དམངས་གཙོའི་རིམ་ལུགས་གསརཔ་ མཐར་འཁྱོལ་ནི་དང་ འཐུས་ཤོར་ནི་དེ་ གཙོ་བོ་ར་ གནས་སྟངས་ལེགས་ཤོམ་ཡོདཔ་དང་མེདཔ་ལུ་ རག་ལས་ནི་ཨིནམ་དང་ དམངས་གཙོའི་རིང་ལུགས་གསརཔ་ལེ་ཤ་ཅིག་ར་ སྲིད་དོན་དང་ དཔལ་འབྱོར་གནས་སྟངས་ཚུ་ བྱང་ཉེས་དང་ རྟག་བརྟན་མེད་པར་ འགོ་བཙུགས་ནི་དེ་གིས་ རྒྱལ་ཁབ་འདི་ཚུའི་ནང་ འགོ་ཐོག་ལས་ར་ མཐར་འཁྱོལ་འབྱུང་ནི་གི་ གོ་སྐབས་དེ་ ཆུང་སུ་ཅིག་ལས་མེད།
འབྲུག་གི་དོན་ལུ་ ང་བཅས་རའི་ ནུས་ཤུགས་སྦོམ་ཡོད་མི་དེ་ ང་བཅས་རའི་སྲིད་དོན་གྱི་ བརྟན་ཚུལ་ཅིག་ཨིནམ་ད་ ད་ལྟོ་ ང་བཅས་ཀྱིས་ དཔལ་འབྱོར་སྒྲིང་སྒྲིང་བཟོ་ཚུགས་པ་ཅིན་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཙུག་ཚུགས། འབྲུག་ལུ་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་འབྱུང་ནི་ལུ་ ཐེ་ཚོམ་མེད་མི་དེ་ཡང་ དང་ཕུའི་ བརྩི་མཐོང་སྦོམ་ཡོད་པའི་འབྲུག་གི་མི་སྡེའི་ནང་ དམངས་གཙོའི་བརྩི་མཐོང་དང་ ཕན་གནད་ཚུ་ ཡར་ཐོན་འགྱོ་ཚུགས་ནི་དེ་གིས་ཨིན། དེ་འབདཝ་ལས་ འབྲུག་གི་དོན་ལུ་ ངེའི་དམིགས་དོན་དེ་ འཇམ་ཏོང་ཏོ་ཅིག་ཨིནམ་ལས་ སྟོབས་ཤུགས་ཅན་གྱི་ དཔལ་འབྱོར་གཞི་རྟེན་ཐོག་ལུ་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་ཅིག་ གཞི་བཙུགས་འབད་ནི་འདི་ཨིན། འདི་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ དོན་སྒྲུབ་ཚུགསཔ་མ་ཚད་ ང་བཅས་རའི་ མི་སེར་ཚུ་གི་ རེ་འདོད་ཡང་ བསྒྲུབ་ཚུགས།
ང་གིས་ ཨ་རྟག་ར་ དཔལ་འབྱོར་ལུ་ག་ཅི་སྦེ་ གཙོ་བོར་བཏོནམ་ཨིན་ན? ལན་འཇམ་ཏོང་ཏོ་ཨིན། ང་རང་ དངོས་ཡོད་རིང་ལུགས་འཛིན་མི་ཅིག་ཨིནམ་ལས་ སེམས་ཁར་དོགས་པ་མེད་མི་དེ་ཡང་ དུས་ཚོད་འདི་ནང་ རྒྱལ་ཁབ་ཀྱི་ མཐར་འཁྱོལ་དེ་ དཔལ་འབྱོར་གྱི་སྟོབས་ཤུགས་དང་ དོ་འགྲན་ལུ་ རག་ལསཔ་བཞིན་དུ་ མ་འོངས་པ་ལུ་ འགྱུར་བ་འགྱོ་རུང་ ད་རེས་ འཛམ་གླིང་གཅིག་འགྱུར་འདི་ནང་ མཐར་འཁྱོལ་འབྱུང་དགོ་པ་ཅིན་ དཔལ་འབྱོར་སྒྲིང་སྒྲིང་དགོཔ་ཨིན། ཨིན་རུང་ ང་གིས་དམིགས་དོན་བཟུང་མི་དེ་ལུ་ དཔལ་འབྱོར་སྒྲིང་སྒྲིང་དགོཔ་ཅིག་ཡང་མེད། ང་གིས་ དཔལ་འབྱོར་གྱི་ སྟོབས་ཤུགས་བཟོ་ནི་ལུ་ དོ་འགྲན་འབད་ནི་གི་དམིགས་གཏད་བསྐྱེད་མི་དེ་ བསྒྲུབ་ནིའི་དོན་ལུ་ ང་བཅས་ཀྱིས་ ཧེ་མ་བ་ལྷགཔ་སྦེ་ འཚེར་སྣང་མེད་པར་ རྩ་འགེངས་ཏེ་ ལཱ་་འབད་དགོཔ་ཨིན་ཟེར་ནི་དང་ ང་བཅས་ཀྱིས་ ལྷག་པར་དུ་ ད་ལྟོ་གནས་བཞིན་ཡོད་མི་ ནུས་ཤུགས་ཚུ་ བཙན་ཏོག་ཏོ་བཟོ་ནི་ལུ་ སེམས་ཤུགས་བསྐྱེད་དགོ།
དེ་ཡང་་་
- ཤེས་རིག་གི་ལམ་ལུགས་སྒྲིང་སྒྲིང་དང་།
- ཕན་ནུས་ཅན་གྱི་ རིམ་མང་སྲིད་གཞུང་།
- སྒེར་སྡེ་སྒྲིང་སྒྲིང་།
- ཁྲིམས་ལུགས་ལུ་གུས་ཞབས།
- གཞི་རྟེན་མཁོ་ཆས་སྒྲིང་སྒྲིང་།
- གནས་རིམ་ཆ་མཉམ་ནང་ འགོ་ཁྲིདཔ་ལེགས་ཤོམ།
- གསར་གཏོད་དང་ གསར་བཟོ་ ཚོང་ལས་ཀྱི་བརྩོན་ཤུགས།
- ག་ཅི་འབད་རུང་ རྩ་འགེངས་ལཱ་འབད་དེ་ མཁས་རིག་དང་ ཁྱད་འཕགས་བཟོ་ཚུགས་དགོཔ་ཨིན།
ང་བཅས་ཀྱིས་ འདི་ཚུ་ ཆ་མཉམ་ར་ འབད་ཚུགས་པ་ཅིན་ དཔལ་འབྱོར་གྱི་སྟོབས་ཤུགས་དེ་ འབྲུག་གི་དོན་ལུ་ གསོལ་རས་ལེ་ཤ་ཡོད་མིའི་གྲས་ལས་ གཅིག་ཨིནམ་ད་ དབུ་ཁྲིད་དང་ ཁྱད་འཕགས་མཁས་རིག་དང་ཚོང་ལས་ ཤེས་རིག་ལམ་ལུགས་སྒྲིང་སྒྲིང་ གཞི་རྟེན་མཁོ་ཆས་ ཡང་ཅིན་ རིམ་མང་སྲིད་གཞུང་ཚུ་ ཆ་མཉམ་ར་འབྲུག་གི་དོན་ལུ་ རྒྱུ་ནོར་ལོངས་སྤྱོད་ཨིན། དེ་འབདཝ་ལས་ དཔལ་འབྱོར་སྒྲིང་སྒྲིང་བཟོ་ནི་དེ་ དམིགས་ཡུལ་རྐྱངམ་གཅིག་མེན་པར་ མཐར་འཁྱོལ་འབྱུང་ནིའི་ ལམ་ཕྱོགས་ལུ་ གོམ་པ་གལ་ཅན་སྤོཝ་བཞིན་དུ་ མཐར་འཁྱོལ་དེ་གིས་ རྒྱལ་ཁབ་ནང་ ཡུན་བརྟན་གྱི་ རྒྱལ་ཡོངས་རྒྱུ་ནོར་འབག་འོང་ཚུགས།
ང་གིས་ ཨ་རྟག་ར་ མཐར་འཁྱོལ་དང་ཁྱད་འཕགས་ལུ་ག་ཅི་སྦེ་ གཙོ་བོར་བཏོནམ་སྨོ་ཟེར་ མི་ཚུ་གིས་དྲི་ཡང་འོང་? མཐར་འཁྱོལ་དང་ཁྱད་འཕགས་དེ་ ངོ་རྐྱང་དང་ ཡང་ཅིན་ རྒྱལ་ཁབ་གང་རུང་གི་དོན་ལུ་ རེ་འདོད་ཅན་གྱི་ དམིགས་དོན་ཅིག་ཨིན་རུང་ འཛམ་གླིང་སོར་བསྒྱུར་མགྱོགས་དྲགས་ནང་སྡོད་མི་ མི་རློབས་ ༦༠༠,༠༠༠ འབད་མི་ ང་བཅས་རའི་ རྒྱལ་ཁབ་ཆུང་ཀུ་བཟུམ་ཚུ་གི་དོན་ལུ་ མཐར་འཁྱོལ་དང་ ཁྱད་འཕགས་དེ་ འཚོ་སྐྱོང་གི་དོན་ལུ་ ང་བཅས་རའི་ རེ་འདོད་ཁོ་ན་ཨིན་ཟེར་ཨིནམ་ད་ ང་གིས་མཐར་འཁྱོལ་དང་ ཁྱད་འཕགས་ཀྱི་སྐོར་ལས་སླད་ད་ དེང་སང་གི་ འཛམ་གླིང་ནང་ ང་བཅས་རའི་ རྒྱལ་ཁབ་ཀྱི་ འཚོ་སྐྱོང་ཡུན་གནས་སྐོར་ལས་སླབ་ཨིན།
འབྲུག་གིས་ གཟེངས་ཐོན་ཅན་གྱི་མི་སྡེ་ ངེས་པར་དུ་ བཟོ་ནི་ལུ་ ང་གིས་ ཆ་བཞགཔ་ཨིན། འབྲུག་གིས་ ཧ་ལམ་ཅིག་འབད་མི་ལུ་ བཟོད་བསྲན་མ་བསྐྱེད་པར་ དམིགས་དོན་སྒྲུབ་མི་ ཁྱད་འཕགས་ཅན་ འབད་དགོཔ་བཞིན་དུ འབྲུག་ལུ་ ང་རང་དྲག་ཟེར་ སླབ་ནི་མིན་པར་ འཛམ་གླིང་ནང་ ག་ཏེ་འགྱོ་རུང་ དྲག་ཤོས་འབད་དགོ་པའི་ རེ་བ་ཡོད།
མཇུག་ར་ རྒྱལ་ཁབ་འདི་ གལ་ཆེ་ཤོས་ཅིག་ཨིནམ་ལས་ ཆ་མཉམ་ལས་མཐོཝ་སྦེ་བརྩི་བཀུར་འབད་དགོཔ་དེ་ སེམས་ཁར་བཞག་དགོཔ་ད་ འབྲུག་ལུ་ རྫོང་ཁག་ ༢༠ དང་ རྒེད་འོག་ ༢༠༥ ལྷན་ཁག་ ༡༠ དེ་ལས་ སྤྱི་ལོ་ ༢༠༠༨ ལས་ འདེམས་ཁོངས་ ༤༧ ཡོདཔ་ཨིན།
ང་གིས་ ང་བཅས་ཆ་མཉམ་ར་ རྒྱལ་ཁབ་ཆུང་ཀུ་གཅིག་གི་ མི་སེར་འདྲ་མཉམ་ཨིནམ་ལས་ གཅིག་ཁར་ཁ་བསྡོམས་ཏེ་ རྒྱལ་ཁབ་ལུ་ ག་དེ་སྦེ་ ཕྱག་ཞུ་ནི་དང་ རེ་འདོད་བསྒྲུབ་ནི་ དེ་ལས་ མ་འོངས་བུ་བརྒྱུད་ཚུ་གི་དམིགས་ཡུལ་བསྒྲུབ་ནིའི་དོན་ལུ་ མནོ་བསམ་བཏང་དགོཔ་དེ་ གལ་ཆེ་ཤོས་ཅིག་ཨིནམ་མ་ཚད་ ནམ་ར་འབད་རུང་ རྒྱལ་ཁབ་གཅིག་དང་ དམིགས་ཡུལ་གཅིག་གི་ཐོག་ལས་ ཡིད་ཆེས་དང་ སེམས་ཤུགས་བསྐྱེད་དགོཔ་ཨིན་ ཟེར་གསུངས་ནུག།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
