སྐད་ཡིག་ཚུ༌

རྒྱལ་པོའི་ཕྱག་འགན་བཞེས་ཡོདཔ།

ལྷན་རྒྱས་གཞུང་ཚོགས་ཀྱི་ དམིགས་བསལ་གྱི་ཞལ་འཛོམས་གཅིག་ཚོགས་གནང་པའི་སྐབས་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གསེར་ཁྲི་ལས་ དགོངས་ཞུ་མཛད་གནང་ནི་ཨིན་ཟེར་གསུངས་གནང་ཡི། མི་དབང་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ཚུ་ལུ་ འབྲུག་རྒྱལ་ལྔ་པ་མཆོག་གིས་ རྒྱལ་པོའི་ཕྱག་འགན་ཚུ་མཛད་ཚུགས་པའི་ལྕོགས་གྲུབ་ཡོདཔ་སྦེ་གཟིགསཔ་མ་ཚད་ འབྲུག་རྒྱལ་ལྔ་པ་མཆོག་གིས་ རྒྱལ་ཁབ་དང་མི་སེར་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ཕྱག་ཞུ་འོང་ཟེར་གསུངས་གནང་ཡི།

དབྱིན་ལོ ༢༠༠༦ དབྱིན་ཟླ་ ༡༢ པའི་ དབྱིན་ཚེས་ ༩ འབྲུག་ཟླ་ ༡༠ པའི་ཚེས་ ༢༠ ལུ་ གནང་མི་ བཀའ་ཤོག་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ མ་འོངས་པ་ལུ་ རྒྱལཔོ་གསརཔ་དང་ དམང་གཙོའི་རིང་ལུགས་ཀྱི་འོག་ལུ་ འབྲུག་རྒྱལ་ཁབ་འདི་ སྔར་ལས་ལྷགཔ་སྦེ་ ཡར་རྒྱས་འགྱོ་འོང་ཟེར་ཨིནམ་དང་ འབྲུག་རྒྱལ་ལྔ་པའི་སྐབས་ལུ་ ང་བཅས་རའི་རྒྱལ་ཁབ་འདི་ གཞན་དང་མ་འདྲ་བའི་གོང་འཕེལ་གྱི་འགྱུར་བ་ཚུ་བྱུང་ནི་ཨིནམ་དེ་ ཐེ་ཚོམ་མེད་ཟེར་གསུངས་གནང་ཡི།

མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་ དབྱིན་ལོ ༢༠༠༦ དབྱིན་ཟླ་ ༡༢ པའི་ དབྱིན་ཚེས་ ༡༧ རྒྱལ་ཡོངས་དུས་ཆེན་གྱི་གསུངས་བཤད་གནང་མི་ནང་ལུ་ "ད་རིས་ ག་ནི་བ་རྩ་ཆེ་བའི་ཉིནམ་འདི་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རང་དོན་ལུ་གཟིགས་པ་མེད་པར་ ཕྱག་ལཱ་ག་དེམ་ཅིག་ མཛད་གནང་ཡི་ག་ གྲུབ་འབྲས་ག་དེ་སྦེ་ཐོན་ཡི་ག་ དེ་ལས་ དཀའཝ་སྤྱད་དེ་བསྒྲུབས་བསྒྲུབ་པའི་ རྒྱལ་ཁབ་ཀྱི་ གཞི་འགྱམ་སྒྲིང་སྒྲིང་ བཟོ་གནང་པའི་རྗེས་དྲན་ཞུ་ནིའི་ དུས་ཚོད་ཅིག་ཨིན། འདི་བཟུམ་མའི་ དཀའཝ་སྤྱད་གནང་སྟེ་ བསྒྲུབས་མི་ རྒྱལ་ཁབ་འདི་ ང་བཅས་རའི་མི་སེར་ཚུ་ལུ་ ཐུགས་ཧྲིལ་བུ་གཏད་དེ་ རྩིས་སྤྲོད་གནང་མི་དེ་ ང་བཅས་ཀྱིས་བདག་འཛིན་ལེགས་ཤོམ་སྦེ་ འཐབ་སྟེ་ ལྷག་པར་དུ་ སྒྲིང་སྒྲིང་བཟོ་ཐོག་ལས་ ལོ་ངོ་ ༣༠ དེ་ཅིག་གི་རྒྱབ་ལས་ མི་དབང་མངའ་བདག་རིན་པོ་ཆེ་གིས་ བཟོ་གནང་དོ་བཟུམ་སྦེ་ ང་བཅས་རའི་རྒྱལ་ཁབ་འདི་ ངལ་རངས་ཏོག་ཏོ་སྦེ་ མ་འོངས་པའི་མི་སེར་དང་ ཨ་ལོ་ཚུ་ལུ་ ལེགས་ཤོམ་སྦེ་ རྩིས་སྤྲོད་ནི་གི་ སྨོན་ལམ་ཡོད”ཟེར་གསུངས་གནང་ཡི།

གསུངས་སྐད་འཇམ་དྲགས་དང་ གོ་བ་དག་ཏོ་ཏོ་ཐོག་ལུ་ འབྲུག་རྒྱལ་ལྔ་པ་མི་དབང་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ ཁོ་རའི་ ཡིད་ཆེས་ཁས་ལེན་དང་ འབྲུག་པའི་མི་སེར་གྱི་དོན་ལུ་ འགན་ཁུར་ཚུ་གི་སྐོར་ལས་ ཁ་གསལ་སྦེ་གསུངས་གནང་ཡོདཔ་བཞིན་དུ་ མི་དབང་མཆོག་ལུ་ བློ་གཏད་ཡིད་ཆེས་ཧྲིལ་བུ་ཡོད་མི་དེ་ དངོས་མཐོང་ རྒྱང་བསྒྲགས་ཐོག་ལས་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ བརྡ་འཕྲིན་སྤེལ་ཡི།

རྒྱལ་རབས་ཅན་གྱི་ དུས་སྟོན་ལས་རིམ་ནང་ རྒྱལ་ས་ལྟེ་བ་ལུ་ རྒྱལ་པོའི་སྐུ་འཁོར་ཚུ་གིས་གཙོས་པའི་ ཆོས་སྡེ་དང་ གཞུང་གི་སྐུ་ཚབ་ དེ་ལས་མི་སེར་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་མི་ཚུ་གིས་ སྐུ་ན་གཞོན་པའི་རྒྱལཔོ་ལུ་ཉན་ཏེ་ ཚིག་དོན་རེ་རེ་བཞིན་གྱིས་ ཁོང་གི་ཡིད་ཆེས་ཡར་འཕེལ་སོང་ནུག།

མི་དབང་མཆོག་གིས་ ད་ལས་ཕར་ ང་བཅས་ཀྱི་འགན་ཁུར་རྩ་ཅན་ འབག་དགོཔ་དེ་ར་ དང་པ་ དུས་ནམ་ར་འབད་རུང་ རྒྱལ་ཁབ་འདི་དགའ་ཏོག་ཏོ་དང་ སྐྱིད་སྟོང་ཏོ་བཞག་ནི་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་དང་ བདེ་སྲུང་དེ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་བསྒྲུབ་ནི་ དམང་གཙོའི་ལམ་ལུགས་གསརཔ་ སྲ་བརྟན་བཟོ་ནི་དེ་ཨིནམ་བཞིན་དུ་ དམིགས་ཡུལ་དེ་ཚུ་ བསྒྲུབ་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ཚུ་ ལོ་གཅིག་བ་ལོ་གཅིག་ སྒྲིང་སྒྲིང་བཟོ་ནི་དེ་ཨིན་ཟེར་གསུངས་གནང་ཡི།

མི་དབང་འཇིགས་མེད་ གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ མ་འོངས་པ་ལུ་ ང་བཅས་རའི་རྒྱལ་ཁབ་འདི་ ང་བཅས་མི་སེར་ཚུ་གི་ལགཔ་ཁར་་ཨིནམ་ལས་ ང་བཅས་ཚུ་གི་འགན་ཁུར་ཐདཔ་ཅིག་འབག་སྟེ་ རྒྱལ་ཁབ་ལུ་ཕྱག་ཞུ་དགོ་པའི་ དྲན་གསལ་ཡང་གནང་ཡི།

འབྲུག་རྒྱལ་བཞི་པ་མཆོག་གིས་ ན་ཧིང་ ང་བཅས་ཀྱི་རྫོང་ཁག་ནང་ལུ་ དགོངས་ཞུ་མཛད་ནི་ཨིན་ཟེར་གསུངས་གནང་མི་ལུ་བརྟེན་ ང་ལུ་ག་ཅི་བཟུམ་ཅིག་ མ་ཚངམ་བཟུམ་མའི་ ཚོར་སྣང་བྱུང་ཡོདཔ་ཨིན་རུང་ ད་རིས་འབད་བའི་བསྒང་ལས་ ཚོར་སྣང་མེདཔ་སྦེ་ཡར་སོ་ཡི་ཟེར་ བཀྲིས་གཡང་རྩེ་ལས་ བཟོ་བོ་རྣམ་རྒྱལ་འཕྲིན་ལས་ཀྱིས་བཤད་པའི་ཁར་ ཁོ་གི་སྣང་བ་ལུ་ ཁྱད་པར་ཟེར་རུང་ ང་བཅས་ཀྱི་རྒྱལཔོ་གི་ མཚན་རྐྱངམ་གཅིག་མ་གཏོགས་ གཞན་ཚུ་ག་ར་ ཅོག་འཐདཔ་སྦེ་ ཚོརཝ་མས་ཟེར་བཤད་ཡོདཔ་ཨིན།

འབྲུག་འདི་ གལ་གནད་ཅན་གྱི་ རྒྱལ་རབས་ནང་ ཞུགསཔ་བཞིན་དུ་ དུས་སྟོན་དེ འབྲུག་མི་ཚུ་གི་དོན་ལུ་ གལ་གནད་ཅན་ཅིག་ཨིན་རུང་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ ཡིད་ཆེས་ངལ་རངས་དང་སྤྲོ་ཉམས་ ཡ་མཚན་ཆེ་བའི་སྒོ་ལས་ ངོས་ལེན་འབདཝ་ཨིན་པས།

འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ སི་དིར་བི་ཡཱསི་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ འདི་བཟུམ་མའི་རྒྱལ་རབས་ཅན་གྱི་ དུས་སྟོན་ཁྱད་པར་ཅན་ མཇལ་ནི་གི་ གོ་སྐབས་ཐོབ་ལས་ ཁ་རྗེ་བཟང་ཡི་ཟེར་ཨིནམ་ད་ དམིགས་བསལ་གྱི་ དུས་སྟོན་འདི་ཁར་ ང་ལུ་ སེམས་ཀྱི་གདིང་ལས་ར་ ཡིད་ཆེས་དང་ ཡ་མཚན་ཆེ་བའི་གནས་ལུ་གྱུར་བ་གིས་མ་ཚད་ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་་ཕྱུག་མཆོག་གི་ ཆབ་སྲིད་སྐབས་ལུ་ ང་བཅས་རའི་ རྒྱལ་ཁབ་གཉིས་དང་ ཟུང་ཕྱོགས་མཐུན་འབྲེལ་ དེ་ལས་ ང་བཅས་རའི་མི་སེར་གྱི་ ཕན་བདེ་དང་ དགའ་སྐྱིད་དཔལ་ཡོན་ ཕུན་གསུམ་ཚོགས་ཏོག་ཏོ་ འབྱུང་ནིའི་འོས་བབས་ལེགས་ཤོམ་ཡོདཔ་ མཐོངས་མས"ཟེར་བཤད་ཡོདཔ་ཨིན།

“རྒྱལཔོ་མཆོག་གིས་ རྒྱལ་ཁྲི་ལས་ དགོངས་ཞུ་མཛད་མི་ལུ་བལྟ་སྟེ་ ང་ལུ་ཡིད་སྐྱོ་བྱུང་ཡོད་རུང་ ཕྱོགས་གཅིག་ལས་ དགའ་སྤྲོའི་ཉིནམ་གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ ་འབྲུག་གི་དོན་ལུ་ འཕོ་འགྱུར་གྱི་ དུས་སྐལ་གསརཔ་ཅིག་ འགོ་བཙུགས་པའི་ བརྡ་མཚོན་དང་ སྤྱི་ཚོགས་དང་འབྲེལ་བའི་ དམང་གཙོའི་ལམ་ལུགས་ཞུགས་པའི་ མཛད་རིམ་གལ་གནད་ཅན་ཅིག་ཨིན་པས་ཟེར་ འཛམ་གླིང་ སྤྱི་ཚོགས་ལས་རིམ་གྱི་ སྐུ་ཚབ་ ནི་ཀོ་ལཱསི་ རཱོསི་ལི་ནི་གིས་ བཤདཔ་ཨིན་པས།”