སྔར་གྱི་ལམ་ལུགས།
ཆོས་རྩེ་དཔོན་སློབ་ཀྱི་ སྲོལ་རྒྱུན་འདི་ མི་ལོ་ ༣༥༠ ལྷགཔ་ཅིག་གི་ཧེ་མར་ འགོ་བཙུགས་གནང་མི་འདི་ཡང་ འབྲུག་པའི་རྒྱལ་རབས་ནང་ གཙོ་ཆེ་ཤོས་ཅིག་དང་ འབྲུག་ལུ་བཀྲིན་ཅན་ཅིག་ཨིན་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ རི་ ལུང་རྩུབ་དྲགས་དང་གཡུས་ཚན་ ཁ་གཏོར་ཏེ་ཡོད་པའི་ མི་སེར་ཚུ་ གཅིག་སྒྲིལ་དང་ རྒྱལ་ཁབ་ཀྱི་གཞུང་སྐྱོང་ ལམ་ལུགས་བརྟན་ཏོག་ཏོ་ཅིག་ གཞི་བཙུགས་གནང་ནིའི་ རྟེན་འབྲེལ་ལུ་གཟིགས་ཏེ་ ཆོས་རྩེ་དཔོན་སློབ་བསྐོས་གནང་ཡོདཔ་བཞིན་དུ་ ཤུལ་ལས་ ཀྲོང་གསར་དཔོན་སློབ་ལུ་ ཡོངས་གྲགས་ཆོ་སུ་བྱུང་ནུག།
ཆོས་རྩེ་དཔོན་སློབ་ མི་དབང་འབྲུག་རྒྱལ་བཞི་པ་དང་གཅིག་ཁར་ལྷན་བཞུགས།
ལོ་རྒྱུས་ངོ་མ་དེ་ ༡༥༤༠ ཞེ་གྲངས་ལུ་ བླམ་ ངག་གི་དབང་ཕྱུག་ མང་སྡེ་ཚོ་བཞིའི་གཡུས་ཚན་ནང་ ཕེབས་པའི་སྐབས་ལས་བྱུང་ནུག།
རྫོང་གསར་དེ་ ཀུན་མཁྱེན་པདྨ་དཀར་པོའི་ ཡོངས་འཛིན་ ངག་གི་དབང་ཕྱུག་གིས་ ་གདན་ས་ཕྱག་བཏབ་གནང་བའི་ས་གནས་ བྱིན་ཅན་ཅིག་ཨིནམ་ད་ སྤྱི་ལོ་ ༡༥༡༧ ལུ་ བླམ་ ངག་དབང་ཆོས་རྒྱལ་གྱི་སྲས་ལུ་ སྐུ་འཁྲུངས་མི་ ཡོངས་འཛིན་ངག་གི་དབང་ཕྱུག་དེ་ ཉམས་སྣང་ཅིག་ནང་ འབྲུག་གི་བཀའ་སྲུང་ དཔལ་ལྡན་ལྷ་མོ་ གིས་འབྲུག་དབུས་ཕྱོགས་ལུ་ མང་སྡེ་ཚོ་བཞིའི་ ཡུལ་ལྗོངས་ཀྱི་བཀོད་པ་དེ་ གཞུའི་དབྱིབས་དང་འདྲ་བ་དང་ མང་འབྲུ་ཟེར་བའི་བཟའ་སྤྱོད་འབྲུ་སྣའི་རིགས་ མངམ་འབད་འཚོ་བའི་ ས་གནས་ནང་ བྱོན་དགོ་པའི་བསྐུལ་མ་གནང་མི་དང་འཁྲིལ་ཏེ་ བྱོན་ཡོདཔ་ཨིན་མས།
ཉམས་སྣང་ལུ་གཟིགས་རྟོགས་འབྱུང་མི་དང་འཁྲིལ་ཏེ་ དཔལ་ ངག་གི་དབང་ཕྱུག་དེ་ སྤྱི་ལོ་ ༡༥༤༡ ལུ་ ཀྲོང་གསར་ལུ་ཕེབས་ཏེ་ ད་ལྟོའི་ཀྲོང་གསར་རྫོང་གི་ལྟག་ལུ་ ཕེབས་ཏེ་ ཡུལ་གླིང་ཟེར་མི་ གཡུས་ཚན་དེ་ནང་སྒྲུབ་པ་གནང་སྟེ་ བཞུགས་པའི་སྐབས་ལུ་ ནུབམོ་གཅིག་འབདཝ་ད་ ད་རེས་ནངས་པར་སྤོག་ཏོག་གི་འོག་ལུ་ འབྲུག་གི་བཀའ་སྲུང་ དཔལ་ལྡན་ལྷ་མོ་དང་ ཡེ་ཤེས་མགོན་པོ་ ལས་ཀྱི་མགོན་པའི་མགོན་ཁང་ཡོད་ས་ དཀར་མེ་བཟུམ་ཅིག་མེ་འོད་འབར་ས་གཟིགསཔ་ལས་ རྟགས་མཚན་ལེགས་ཤོམ་ཅིག་ལུ་དགོངས་ཏེ་ ས་ཁོངས་དེ་ཁར་གཟིགས་པར་བྱོནམ་ད་ དཔལ་ལྡན་ལྷ་མོ་ དུད་སོལ་མའི་ཆིབས་པའི་རྨིག་རྗེས་དང་ བྲག་རིའི་ནང་ ལྷ་མོའི་བླ་མཚོ་ ངོ་མཚར་ཅན་ཡོདཔ་གཟིགས་ལམ་དུ་བྱོན་ནུག།
བླམ་ ངག་གི་དབང་ཕྱུག་གིས་ གནས་དེ་ནང་ སྒྲུབ་ཁང་ངམ་མཚམས་ངག་ཆུང་ཀུ་ཅིག་བཞེངས་ཏེ་ མིང་ཡང་ མོན་སྒྲུབ་སྡེ་ཟེར་ བཏགས་གནང་ཡོདཔ་ད་ དེ་ལས་ཚུར་ ཡོངས་འཛིན་ ངག་གི་དབང་ཕྱུག་ལུ་ སློབ་མ་ལེ་ཤ་ཅིག་བྱུངམ་ལས་ སློབ་མ་དེ་ཚུ་གིས་ མོན་སྒྲུབ་སྡེ་ལྷ་ཁང་གི་སྦོ་ལོག་ཁར་ མཚམས་ཁང་ ལེ་ཤ་བརྐྱབས་ཡོདཔ་བཞིན་དུ་ ཡུལ་གླིང་མི་སེར་ཚུ་གིས་ གཡུས་གསརཔ་ ཆགས་ཆགསཔ་བཟུམ་ཅིག་མཐོངམ་ལས་ ཀྲོང་གསར་ཟེར་མིང་བཏགས་ཏུག།
དེའི་བསྒང་ ཞབས་དྲུང་ ངག་དབང་རྣམ་རྒྱལ་མཆོག་གིས་ ནུབ་ཕྱོགས་ཀྱི་རྒྱལ་ཕྲན་ཆ་མཉམ་ ཆབ་དབང་གཅིག་གི་དབང་དུ་བསྡུ་ཚར་ཏེ་ ཞབས་དྲུང་གིས་ ཤར་ཕྱོགས་ཀྱི་རྒྱལ་ཕྲན་ཚུ་ཡང་ དཔལ་ལྡན་འབྲུག་པའི་ མངའ་འོག་ལུ་བསྡུ་ནིའི་ཐུགས་བརྩོན་གནང་པའི་བསྒང་ཡོདཔ་ཨིན་མས།
དེའི་དོན་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཐུགས་དགོངས་ལུ་ འབྲུག་ཤར་ཕྱོགས་ཀྱི་རྒྱལ་ཕྲན་མཐའ་དག་དབང་དུ་ བསྡུ་ཚུགས་པའི་ལས་འགན་འབག་ཚུགས་མི་ ཞབས་དྲུང་རང་ཉིད་ཀྱི་ ཐུགས་གཏད་ དགོངས་གཏད་དང་ དད་དམ་གཙང་མི་གཅིག་ཨིན་མི་ ཆོས་རྒྱལ་ མི་འགྱུར་བསྟན་པ་དེ་ འོས་འབབ་ཅན་དང་ ལྕོགས་གྲུབ་ཅན་ཅན་གྱི་ མི་ངོ་ཅིག་སྦེ་ ངོས་འཛིན་བྱུང་ནུག།
ཆོས་རྒྱལ་ མི་འགྱུར་བསྟན་པ་གིས་ ཞབས་དྲུང་གི་དགོངས་བཞེད་ལྟར་ འབྲུག་ཤར་ཕྱོགས་ཀྱི་ལུང་ཕྱོགས་བརྒྱད་དབང་དུ་ བསྡུས་ཏེ་ ཞབས་དྲུང་གི་མངའ་འོག་ བཙུགས་ཡོདཔ་ད་ ཞབས་དྲུང་ རིན་པོ་ཆེ་གིས་ ཤར་ཕྱོགས་ཀྱི་ རྒྱལ་ཁམས་དབང་དུ་བསྡུ་བའི་རྟེན་འབྲེལ་ལུ་ གཟིགས་ཏེ་ ཤར་ཕྱོགས་འཁོར་ལོ་ རྩིབས་བརྒྱད་ཟེར་བཏགས་ནུག།
ཀྲོང་གསར་རྫོང་དེ་ ༡༦༤༤ ལུ་ བཞེངས་ཏེ་ མིང་ཡང་ འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་ཟེར་ བཏགས་གནང་ཡོད་མི་ དེ་ཡང་ རྫོང་དེ་ སྤོ་ཏོག་གི་དབྱིབས་ དུང་དཀར་བཟུམ་སྦེ་ཡོད་མི་གུར་བཞེངས་ཡོད་ནི་དེ་གིས་ཨིནམ་དང་ ༡༦༤༧ ལུ་ ཆོས་རྒྱལ་ མི་འགྱུར་བསྟན་པ་དེ་ ཆོས་རྩེ་ དཔོན་སློབ་དང་པ་སྦེ་བཀོས་གནང་ཞིནམ་ལས་ཚུར་ ཀྲོང་གསར་དཔོན་སློབ་ བསྐོས་ནིའི་ སྲོལ་རྒྱུན་དེ་ འཕྲོ་མཐུད་དེ་ར་ སྔར་ཁྱུད་མ་ཉམས་པར་གནས་ནུག།
སྤྱི་ལོ་ ༡༨༥༣ ལུ་ འཇིགས་མེད་རྣམ་རྒྱལ་གྱིས་ ཀྲོང་གསར་དཔོན་སློབ་ཀྱི་ བདག་འགན་བཞེས་ཡོདཔ་ད་ ལོ་ངོ་ ༢༩ འི་རྒྱབ་ལས་ སྤྱི་ལོ་ ༡༨༨༢ ལུ་ འཇིགས་མེད་རྣམ་རྒྱལ་གྱི་སྲས་ ཨོ་རྒྱན་དབང་ཕྱུག་དེ་ ཀྲོང་གསར་དཔོན་སློབ་སྦེ་ ཁྲི་མངའ་གསོལ་ཞུ་ཡོདཔ་བཞིན་དུ་ སྤྱི་ལོ་ ༡༩༠༩ ལུ་ འབྲུག་གི་ རྒྱུ་བརྒྱུད་དབུ་བརྙེས་མི་དང་བསྟུན་ཏེ་ ཀྲོང་གསར་དཔོན་སློབ་ཀྱི་ བདག་འགན་དེ་ དམིགས་བསལ་ཅན་གྱི་དགོས་ཁུངས་ཅན་ལུ་ རྒྱུར་ཡོདཔ་ཨིན་མས།
དེ་བཞིན་དུ་ མི་དབང་རྒྱུད་འཛིན་གྱི་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ཡང་ སྤྱི་ལོ་ ༢༠༠༤ འི་ལོར་ ཆོས་རྩེ་དཔོན་སློབ་ཁྲི་བརས་ ༡༦ པ་ འབད་ ཁྲི་མངས་གསོལ་གནང་ནུག།
ད་རེས་ནངས་པར་ འབྲུག་གི་རྒྱལ་རྒྱུད་ཀྱི་ རིང་ལུགས་རྩ་ཅན་དང་ ཆོས་རྩེ་དཔོན་སློབ་ཐོག་ལས་ མ་འོངས་པར་ གསེར་ཁྲི་ལུ་ འབྱོན་ནི་ཨིན་མི་ རྒྱལཔོ་ རིམ་བྱོན་ཚུ་གི་རྟེན་འབྲེལ་གྱི་དོན་ལུ་ ཀྲོང་གསར་དཔོན་སློབ་ཀྱི་ ཁྲི་དོད་མཛད་སྒོ་དེ་ གལ་གནད་ཅན་ཅིག་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
