སྐད་ཡིག་ཚུ༌

༡༩༡༤ གི་ལོར་ ནུབ་ཕྱོགས་ཤེས་རིག་གི་ངོ་སྤྲོད།

འབྲུག་རྒྱལ་ཁབ་འདི་ ལོ་ངོ་མང་རབ་ཅིག་གི་རིང་ ནང་འཁྲུག་དང་དམག་ཟིང་ལངས་ཡོད་པས་ རྒྱལ་ཁབ་ནང་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་ཅིག་མ་པ་ལས་མ་འབྱུང་པར་སྡོད་པའི་དུས་བསྐལ་འདི་ མཇུག་བསྡུ་སྟེ་ དུས་རབས་ ༢༠ འགོ་བཙུགས་པའི་ཉི་མ་ལས་ འབྲུག་རྒྱལ་ཁབ་འདི་ནང་ དགའ་སྐྱིད་ཡང་ཡོད་ལ་ གཅིག་མཐུན་དང་གོང་འཕེལ་ཡང་ཡོད་པའི་གུར་ རྒྱལ་ཁབ་འདི་ལུ་ སྐྱིད་སྡུག་གཟིགས་མི་ མཁྱེན་རབ་དང་ལྡན་པའི་ རྒྱལ་པོ་གཅིག་ཡང་གསེར་ཁྲི་གུར་ཕེབས་ཡོདཔ་ཨིན། འབྲུག་རྒྱལ་དང་པ་ གསེར་ཁྲི་གུར་ཕེབས་པའི་དུས་ལས་འོག་བཟུང་ རྒྱལ་ཁབ་འདི་དུས་མཐུན་དང་གོང་འཕེལ་གྱི་ལམ་ལུ་འགྱོ་ཡོདཔ་མ་ཚད་ མི་དབང་མཆོག་ བིརི་ཊིཤ་ཨིན་ཌི་ཡ་དང་གཅིག་ཁར་ཕན་ཚུན་འབྲེལ་བ་ཡོད་པས་ མཁྱེན་རྒྱ་ཅན་གྱི་མངའ་བདག་མཆོག་གིས་ རྒྱལ་ཁབ་འདི་ གོང་འཕེལ་དང་ཞི་བདེ་ལུ་འགྱུར་དགོ་པ་ཅིན་ མི་སེར་ལུ་ཤེས་རིག་གནང་ནི་འདི་ག་ནི་བ་ཁག་ཆེཝ་ཅིག་སྦེ་གཟིགས་ནུག དེ་སྦེ་གཟིགས་བཞིན་ མི་དབང་མཆོག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ དགོན་སྡེ་ཁག་དང་ གྲྭ་ཚང་ཚུ་གཞི་བཙུགས་གནང་སྟེ་ འབྲུག་གི་དགེ་སློང་ཚུ་ལུ་ནང་པའི་ཡོན་ཏན་ཚུ་ སྦྱང་ནིའི་གོ་སྐབས་གནང་པར་མ་ཚད་ གཞན་མཁས་པ་དང་མཁན་པོ་ཡང་མང་རབ་ཅིག་འབྲུག་གི་དགེ་སློང་ཚུ་ལུ་ཡོན་ཏན་གནང་པར་ གདན་འདྲེན་ཞུ་ཡི། དེ་ལས་རྒྱལ་ཁབ་ཀྱི་དགེ་སློང་ཚུ་ མཁས་པ་དང་མཁན་པོའི་སློབ་སྦྱོང་འབད་བར་ བོད་ཀྱི་བཤད་གྲྭ་སྦོམ་ རྫོང་ཆེན་དང་བྲེ་སྤུངས་ལ་སོགས་པ་ཚུ་ནང་བཏང་སྟེ་ རྒྱལ་ཁབ་ནང་ ནང་པའི་ཡོན་ཏན་གཙོ་བོར་བཏོན་ཡི།

ནང་པའི་ཡོན་ཏན་འདི་ རྒྱལ་ཁབ་ཀྱི་མི་སེར་ཚུ་ལུ་གནངམ་དང་གཅིག་ཁར་ མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་བཏང་དགོ་པ་ཅིན་ ནང་པའི་ཡོན་ཏན་རྐྱངམ་ཅིག་མེད་པར་ ཕྱི་པའི་ཡོན་ཏན་ཡང་ མི་སེར་ཚུ་ལུ་སྤྲོད་ནི་དང་གཅིག་ཁར་ རྒྱལ་ཁབ་ཀྱི་ཕྱི་འབྲེལ་མཐུན་ལམ་ཡར་རྒྱལ་ལུ་ཡང་ཕན་པའི་ལམ་ཅིག་སྦེ་གཟིགས་ཏེ་ མི་དབང་མངའ་བདག་མཆོག་གི་བཀའ་ལྟར་ གོང་གཟིམ་ཨྱོན་རྡོ་རྗེ་གིས་ རྒྱལ་ཁབ་ནང་ཕྱི་པའི་ཤེས་རིག་ རྒྱལ་ཁབ་ནང་ ངོ་སྤྲོད་སྦེ་ནི་ལུ་ ག་དེ་དྲག་དྲ་བཙོན་ནུག།

༡༩༡༤ གི་ལོར་ འཛམ་གླིང་དམག་ཆེན་ ཟིང་འཐབ་སྡོདཔ་ད་ འབྲུག་རྒྱལ་ཁབ་འདི་ ཕྱི་པའི་ཤེས་རིག་འོག་བཙུགས་སྟེ་ འབྲུག་གི་བུ་ཚུ་ ༤༦ འབད་མི་ཅིག་ འབྲུག་རྒྱལ་ཁབ་ནང་འོག་དང་པ་ ཀ་ལིང་པོང་ལུ་ཡོད་པའི་ ཨིསི་ཀོ་ཊིཤ་ དོན་གཅོད་སློབ་གྲྭ ་ཌོག་ཊར་ གེརེ་ཧམསི་ཧོམསི་ལུ་ ཕྱི་པའི་ཡོན་ཏན་ལྷབ་པར་བཏང་ནུག རྒྱལ་ཁབ་ནང་ སློབ་གྲྭ་འོག་དང་པ་རང་ ༡༩༡༤ གི་ལོར་ ཧཱ་རྫོང་ཁག་ལུ་གཞི་བཙུགས་གནང་ཡོདཔ་དང་ དེའི་ཤུལ་ལས་རང་ རྒྱལ་སྲས་འཇིགས་མེད་དབང་ཕྱུག་མཆོག་དང་ ཁྲིམས་ཁང་ནང་ཡོད་པའི་གཞུང་གཡོགཔ་ཚུའི་བུ་ཚུ་ གི་དོན་ལུ་ དམིགས་ཏེ་ བུམ་ཐང་ཕོ་བྲང་ནང་ལུ་ སློབ་གྲྭ་གཅིག་གཞི་བཙུགས་གནང་ནུག ༡༩༡༧-༡༨ ལུ་ བེང་གལ་གྱི་ མི་མང་བཀོད་ཁྱབ་མདོ་ཆེན་ ཌབ་ལུ་ ཌབ་ལུ་ ཧོ་རེལ་དང་ ཀ་ལིང་པོང་ནང་ཨིསི་ཀོཆ་དོན་གཅོད་ཀྱི་ ཌོཀ་ཊོར་ ཌབ་ལུ་ཨེསི་ སུ་ཐར་ལེནཌི་གིས་ ཧཱ་སློབ་གྲྭ་ནང་གཟིགས་སྐོར་ལུ་བྱོན་ཡི། ༡༩༡༩-༢༠ གི་བར་ ཧཱ་སློབ་གྲྭ་ནང་སློབ་ཕྲུག་ ༢༨ དང་བུམ་ཐང་སློབ་གྲྭ་ནང་ སློབ་ཕྲུག་ ༢༡ ལུ་ཡར་སེང་འགྱོ་ནུག།

མི་དབང་མཆོག་གིས་ འབྲུག་གི་བུ་ཚུ་ ཕྱི་པའི་ཤེས་ཡོན་སྦྱང་བར་ རྒྱ་གར་རྒྱལ་ཁབ་ནང་འགྱོ་ནི་ཡོད་པའི་ཞུ་བ་ཕུལཝ་བཞིན་ ༡༩༢༠ གི་ལོར་ ཨིསི་ཀོ་ཊིཤ་དོན་གཅོད་སློབ་གྲྭ་ནང་ལས་ འབྲུག་གི་བུཚ་ བཞི་སྦེ་མི་ཅིག་ རྒྱ་གར་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གྲྭ་ནང་ ཤེས་ཡོན་སྦྱང་ནིའི་གོ་སྐབས་ཐོབ་ཡོདཔ་དང་ གཞན་མི་ཚུ་ སློབ་སྦྱོང་ལྟེ་བ་གཞན་ཚུ་ནང་སློབ་སྦྱོང་འབད་ནིའི་གོ་སྐབས་ཐོབ་ནུག མི་དབང་མཆོག་གི་ཐུགས་ཀྱི་དགོངས་བཞེད་ལྟར་ སློབ་ཕྲུག་ཚུ་ དྲུང་འཚོ་ སློབ་དཔོན་དང་སྒོ་ནོར་དྲུང་འཚོ་ལ་སོགས་པའི་སློབ་སྦྱོང་འབད་ནུག།

རྒྱལ་ཁབ་ནང་ དུས་མཐུན་ཤེས་རིག་འདི་ ངོ་སྤྲོད་འབད་མི་འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་བཏང་ནི་ལུ་ཕན་པ་སྦོམ་ཡོད་དེ་སྦེ་རུང་ འདི་བཟུམ་མིའི་རྒྱལ་ཁབ་དཔལ་འབྱོར་གོང་འཕེལ་བཏང་ནིའི་ལས་འགུལ་གཞི་བཙུགས་ནི་ དང་ སློབ་གྲྭ་ཡར་རྒྱས་བཏང་ནིའི་དོན་ལུ་མ་རྩ་མེདཔ་ཨིན་པའི་གུར་ འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་དཔལ་འབྱོར་ཡང་ཚད་ལས་མེད་པས་ རྒྱལ་ཁབ་ལུ་ཕན་པའི་བྱ་རིམ་ཚུ་གཞི་བཙུག་ནིའི་དོན་ལུ་ བིརི་ཊིཤ་ཨིན་ཌི་ཡ་ལས་ གྲོགས་རམ་ཞུ་མི་འདི་ལུ་ བིརི་ཊིཤ་ཨིན་ཌི་ཡ་གིས་ རྒྱལ་ཁབ་ཀྱི་གྲྭ་ཚང་དང་མགོན་སྡེ་ཚུའི་མ་དངུལ་རྒྱབ་སྐྱོར་འབད་བཞིན་ཡོད་པའི་ ཁར་ མ་དངུལ་ ༥༠,༠༠༠ ལུ་ ཤེས་རིག་ཅ་ཆས་ སློབ་དཔོན་གསུམ་ སྒོ་ནོར་དྲུང་འཚོ་གཉིས་དང་དྲུང་འཚོ་གཉིས་ དེ་ལས་ གཞན་ཚན་རིག་འགོ་དཔོན་ཚུ་ འབྲུག་ལུ་སྦྱོང་བརྡར་གནང་གྱི་དོན་ལུ་ ཟད་འགྲོ་བཏང་ཡོད་པའི་ དགའ་ཚོར་ལུ་ མི་དབང་མཆོག་གིས་ སི་ཀིམ་གྱི་སྲིད་དོན་འགོ་དཔོན་ བེ་ལི་ལུ་ བཀྲིན་དགའ་ཚོར་གྱི་ ཡིག་གུ་ཅིག་བཏང་ནུག།

༡༩༡༤ གི་ལོ་ལས་ དེང་དུས་ཀྱི་ཤེས་རིག་འདི་ངོ་སྤྲོད་སྦེ་ཡོད་ས་ལས་ དུས་ད་རེས་ ལོ་བརྒྱ་འཁོར་བའི་ཤུལ་ལས་ འབྲུག་རྒྱལ་ཁབ་ནང་ སློབ་གྲྭ་ ༤༥༠ ལྷགཔ་ཅིག་དང་སློབ་གྲྭཔ་ ༡༥༠,༠༠༠ དེ་ཅིག་ཡོདཔ་མ་ཚད་ གཙུག་སྡེ་དང་སློབ་གཉེར་སྤེལ་ཁང་ཡང་ཁག་ལེ་ཤ་ཅིག་གུ་ཡར་སེང་འགྱོ་ཡོད་མི་འདི་ འབྲུག་རྒྱལ་དང་པ་ ཨྱོན་དབང་ཕྱུག་མཆོག་གིས་ ལེགས་པའི་བྱ་རིམ་འགོ་བཙུགས་གནང་མི་དེའི་ཐུགས་སྨོན་དང་བཀྲིས་སྨོན་ལམ་ལས་ཨིན།