སྐད་ཡིག་ཚུ༌

སྐུ་ན་ཕྲ་བའི་ལོ་རྒྱུས།

“ ངེ་གི་ དམིགས་ཡུལ་དང་རེ་འདོད་འདི་ ང་རའི་རྒྱལ་ཁབ་ནང་ལུ་བཅོལ་ཏེ་ཡོད།”
-མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག།

His Majesty Jigme Khesar Namgyel Wangchuck with the Fourth Druk Gyalpo Jigme Singye Wangchuckམི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་ལྷན་བཞུགས།

་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ ལྕགས་ཕོ་སྤྲེལ་ལོའམ་ སྤྱི་ལོ་ ༡༩༨༠ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་མི་དབང་རྒྱལ་བཙུན་ ཨ་ཞེ་ ཚེ་རིང་དབྱངས་སྒྲོན་མཆོག་གི་ སྲས་རྒས་ཤོས་ལུ་སྐུ་འཁྲུངས་ནུག།

སྐུ་ན་ཆུང་ཀུའི་བསྒང་ལས་ འབྲུག་པའི་ན་གཞོན་ཚུ་དང་གཅིག་ཁར་ ཤེས་ཡོན་སྦྱང་བརྩོན་དང་ རང་ལུགས་འཆམ་ དེ་ལས་ སྒྲིག་ལམ་རྣམ་གཞག་དང་ ཀུན་སྤྱོད་རྣམ་གཞག་ཚུ་མཐར་ཕྱིན་པའི་ཤུལ་ལུ་ ཡུ་ཨེསི་ ཕི་ལིཔསི་གཙུག་ལག་སློབ་སྡེ་ནང་ གནས་སོར་བྱོན་ནུག། དེ་གི་ཤུལ་ལས་ མ་ས་ཅུ་སེཊིསི་ལུ་ཡོད་པའི་ཀུ་ཤིང་དང་ཝི་ཀྲཱོན་གཙུག་ལག་སློབ་སྡེ་དང་ མཇུག་ར་ ཨོགསི་ཕོརཌ་གཙུག་ལག་སློབ་སྡེ་ མེག་ཌ་ལེན་མཐོ་རིམ་སློབ་གྲྭ་ནང་ལས་ མཐོ་རིམ་ཤེས་ཡོན་མཐར་ཕྱིན་མཛད་ནུག།

སྤྱི་ལོ་ ༢༠༠༢ ཟླཝ་ ༦ པའི་ཚེས་ ༢༥ ལུ་ བསམ་གཏན་གླིང་ མི་དབང་རྒྱལ་པོའི་གཟིམ་ཅུང་ནང་སྦེ་ རྟེན་འབྲེལ་མདོར་བསྡུས་ཅིག་གི་ཐོག་ལུ་ ཡབ་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་ལུ་ འབུ་རས་དམར་པོའི་བདག་རྐྱེན་གནང་ནུག།
དེ་བསྒང་ མི་དབང་མཆོག་གིས་ མི་དབང་ཡབ་ཀྱི་མཛད་ཤུལ་འཛིན་ནི་ལས་ལྷག་པའི་གུས་བཀུར་གཞན་མེད་ཟེར་གསུངས་ཡོདཔ་དང་ ཡབ་རྒྱལ་པོའི་མཛད་བྱ་བཟང་པོ་ལུ་ ཡིད་ཆེས་བསྟོད་བསྔགས་ཕུལཝ་དང་བཅས་ མི་དབང་མཆོག་ ཁོ་རའི་དམིགས་ཡུལ་དང་རེ་འདུན་འདི་ ཁོ་རའི་རྒྱལ་ཁབ་ནང་ལུ་ བཅོལ་ཏེ་ཡོད་ལུགས་ཡང་གསུངས་ནུག།

དེ་ལས་བཟུང་སྟེ་ མི་དབང་མཆོག་གིས་ དགུང་ལོ་ཆུང་ཀུའི་བསྒང་ལས་ར་ འབྲུག་ན་གཞོན་ཚོགས་པའི་གཙོ་འཛིན་གྱི་ཕྱག་འགན་མཛད་དེ་ འབྲུག་གི་ན་གཞོན་ཚུ་གི་སེམས་བསྐུལ་མཛད་དེ་བཞུགས་ནུག།

His Majesty Jigme Khesar Namgyel Wangchuck in his early daysམི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་ན་ཕྲ་བའི་དུས་སྐབས་ལུ།

མི་དབང་མཆོག་གིས་ ན་གཞོན་ཚོགས་པ་དང་སློབ་ཕྲུག་ཚུ་དང་ལྷན་གཅིག་ གསུང་གྲོས་གནང་དུས་ལུ་ རང་ལུགས་འབྲུག་པའི་སྲོལ་བཟང་ ཉམས་མ་བཅུག་པར་ ཆོས་ཀྱི་དབུ་ཁྲིད་དང་གཞུང་ དེ་ལས་ སློབ་དཔོན་དང་རང་རའི་ཕམ་ལུ་ ཐ་དམ་ཚིག་བསྟེན་ཏེ་སྡོད་དགོཔ་གལ་ཆེ་བའི་སྐོར་ལས་ གསུང་ནི་ཡོདཔ་མ་ཚད་ མ་འོངས་པའི་ནང་ རྒྱལ་ཁབ་འདི་ སྒྲིང་སྒྲིང་སྦེ་བདག་འཛིན་འཐབ་ནི་འདི་ ན་གཞོན་ཚུ་གི་ལག་པ་ཨིན་ཟེར་གསུངས་ཏེ་ཡོད།

ན་ཆུང་བྱ་ངན་གྱི་དཀའ་ངལ་འདི་ འབྲུག་ལུ་སྦོམ་སྦེ་མ་འབྱུང་སྟེ་འབད་རུང་ མི་དབང་རྒྱལ་སྲས་མཆོག་གིས་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་བཞུགས་ནུག། དེ་ཡང་ ཤེས་ཡོན་འཕྲོ་མཐུད་སྦྱང་མ་ཚུགས་པའི་ན་གཞོན་དང་ ཁྲོམ་གྱི་གནས་སྟངས་ལུ་སྤྲོ་བ་བསྐྱེད་དེ་ རང་ཡུལ་སྤང་སྟེ་ཁྲོམ་ཁར་འོང་མི་ན་གཞོེན་ཚུ་གི་ཁ་གྱང་འདི་ མང་སུ་མང་སུ་འགྱོཝ་ད་ ད་རེས་ནངས་པ་ ན་གཞོེན་དང་འབྲེལ་བའི་དཀའ་ངལ་ཚུ་ བྱུང་དང་འབྱུང་བཞིན་ཡོདཔ་ཨིན། གནད་དོན་དེ་ལུ་བརྟེན་ཏེ་ སྤྱི་ལོ་ ༡༩༩༩ ཟླཝ་ ༦ པའི་ནང་ མི་དབང་རྒྱལ་སྲས་མཆོག་གིས་ ཆུ་ཁ་རྫོང་ཁག་ རྩི་མ་གཤམ་ལུ་ ན་གཞོན་ལམ་བཟང་ལྟེ་བ་ འགོ་ཐོག་དང་པ་གཞི་བཙུགས་གནང་ཡོདཔ་ཨིན།

མི་དབང་རྒྱལ་སྲས་མཚོག་གིས་ ཕྱི་རྒྱལ་གཞུང་དོན་གཟིགས་བསྐོར་དང་པ་འདི་ རྒྱ་གར་གཞུང་གིས་ མགྲོན་བརྡ་འབདཝ་བཞིན་ སྤྱི་ལོ་ ༢༠༠༡ ལུ་ བདུན་ཕྲག་གཉིས་ཀྱི་རིངས་ རྒྱ་གར་བྱོན་ཏེ་ རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་སྔར་ལས་དམ་ཟབ་བཟོ་ནི་ལུ་དམིགས་ཏེ་ སྲིད་འཛིན་ ཤྲཱི་ ཀེ་ཨར་ ན་ར་ཡ་ནཱན་དང་ སྲིད་དོན་ཚོགས་པའི་སྲིད་འཛིན་ ཤྲཱི་མ་ཏི་ སོ་ནི་ཡ་ གཱན་དྷི་དང་མཇལ་ཕྲད་གནང་ཡོདཔ་ཨིན།

འཛམ་གླིང་སྤྱི་ཚོགས་ཀྱི་ལྷན་འཛོམས་ནང་ རྒྱལ་སྲས་མཆོག་གིས་ དབུལ་ཕོངས་དང་བཀྲེས་སྐོམ་གྱི་དཀའ་ངལ་ དེ་ལས་ ནད་གཞི་སོགས་རྩ་མེད་གཏང་དགོ་པའི་སྐཽར་ལས་གསུང་བཤད་གནང་ཡོདཔ་ཨིན།

དོ་རུང་ རྒྱལ་སྲས་མཆོག་གིས་ འཛམ་གླིང་འགོ་ཁྲིདཔ་དང་རྒྱལ་སྤྱི་འཐུས་ཚབ་ཚུ་ལུ་ མ་འོངས་རྒྱལ་ཁབ་སྒྲིང་སྒྲིང་བཟོ་ནི་ལུ་ དེ་བཟུམ་གྱི་དཀའ་ངལ་ཚུ་ ད་གཞོན་ཚུ་ལུ་འབྱུང་མ་བཅུག་པར་བཞག་ནི་འདི་ ང་བཅས་ཚུ་གི་འགན་ཁུར་ཨིན་ཟེར་གསུངས་ཡོདཔ་ཨིན། དམིགས་དོན་འདི་བསྒྲུབ་ཐབས་ལུ་ རྒྱལ་ཁབ་དང་མི་སེར་གྱིས་ ལགཔ་གཅིག་ཁར་མཐུད་དེ་ ལོ་གཅིག་དང་གཉིས་ཀྱི་དོན་ལུ་རྐྱངམ་ཅིག་མེན་པར་ ཕ་ལས་བུ་བརྒྱུད་ཚུན་གྱི་མ་འོངས་འཆར་གཞི་སོགས་ལེགས་ཤོམ་བརྩམ་ཏེ་ ལཱ་འབད་དགོཔ་འདི་གལ་ཆེ་ཟེར་ཡང་གསུངས་ཡོདཔ་ཨིན།

སྤྱི་ལོ་ ༢༠༠༣ ལུ་ མི་དབང་རྒྱལ་སྲས་མཆོག་གིས་ འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ མཛའ་བཤེས་མཐུན་འབྲེལ་ སྔར་ལས་ལྷག་སྟེ་ གོང་འཕེལ་གཏང་ཐབས་ལུ་ མཛའ་འབྲེལ་ཆིངས་ཡིག་གུ་ཕྱག་རྟགས་གནང་ཡོདཔ་ཨིན།

མི་དབང་རྒྱལ་སྲས་མཆོག་ལས་ ཕན་འདེབས་ཐོབ་མི་ལས་སྡེ་དང་གཙུག་སྡེ་ཚུ་ འབྲུག་གི་བློ་གཏན་མ་དངུལ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ དེ་ལས་ ཡུ་རོ་པེན་འབྲུག་མི་སྡེ་ཚོགས་པའི་ལྷན་འཛོམས་དང་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་ཚུ་ཨིན་མས།