སྐད་ཡིག་ཚུ༌

ཡབ་སྲས་གཉིས་ཀྱི་ཤུལ་བཞག།

འབྲུག་རྒྱལ་ཁབ་འདི་ དུས་བསྐལ་གསརཔ་ མཁྱེན་རྒྱ་ཅན་གྱི་རྒྱལ་པོ་གཞོནམ་ མཐོང་ཚུལ་གསརཔ་དང་ལྡནམ་ རེ་བཟང་ཅནམ་དང་གཅིག་ཁར་ དུས་མཐུན་/དེང་སང་འཛམ་གླིང་ནང་འཐོན་པའི་བསྒང་ཨིན།

His Majesty Jigme Khesar Namgyel Wangchuckའབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག།

འབྲུག་རྒྱལ་པོ་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ དགུང་ལོ་ ༢༧ ལས་མ་ལངས་དེ་སྦེ་རུང་ གཞུང་སྐྱོང་རིག་པ་ཚུ་མཐར་འཁྱོལ་མཛདཔ་མ་ཚད་ སྐུ་ཡོན་ཡང་སྦོམ་སྦྱང་ཡོདཔ་ཨིན། མི་དབང་མཆོག་ རྒྱུད་འཛིན་རྒྱལ་སྲས་སྦེ་ཞུགས་པའི་སྐབས་ལས་རང་ རྒྱལ་ཁབ་མཐའ་དབུས་མེད་པར་ སོ་ནམ་དང་ གསོ་བའི་ཁྱད་རིག་གི་ཕྱག་ལཱ་མཛད་དེ་ ཕྱི་ནང་མེད་པར་ བྱ་བ་ག་ར་ནང་མཐར་ཕྱིན་མཛད་ཅི། གཞན་ཡང་ རྒྱལ་ཁབ་མཐའ་དབུས་མེད་པར་ མི་སེར་ཚུ་དང་གསུངས་གྲོས་གནང་སྟེ་ བྱམས་དང་སྙིང་རྫེའི་ཐོག་ སྐྱིད་སྡུག་གཟིགས་གནང་མི་འདི་གིས་ རྒྱལ་ཁབ་ཀྱི་མི་སེར་ཆ་མཉམ་གྱི་ བློ་གཏད་དང་རེ་བ་ དཔེར་ན་ དཔག་བསམ་ལྗོན་ཤིང་དང་དབྱེ་བ་མེད་པའི་གཞི་ཅིག་ལུ་གྱུར་ཡོདཔ་ཨིན།

མི་དབང་མཆོག་གིས་མཛད་རྣམས་ བཟང་པོའི་སྐོར་ལས་རྒྱལ་ཁབ་ནང་འཁོད་དར་ཁྱབ་འགྱོཝ་མ་ཚད་ ཐ་ན་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡང་དར་ཁྱབ་འགྱོ་ཡོདཔ་ཨིན། དཔེར་ན་ ཐཱའི་ལེནཌི་རྒྱལ་ཁབ་དབུ་ཁྲིད་མཛད་དེ་ ལོ་ངོ་ ༦༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དགའ་སྟོན་ནང་ མི་དབང་མཆོག་ བཅའ་མར་གཏོགས་པར་བྱོན་པའི་སྐབས་ མཛད་སྤྱོད་བཟང་པོ་མཛད་པའི་གུས་ཞབས་ཡང་ཐོབ་པའི་གུར་ དུས་སྟོན་དེའི་སྐབས་ མི་དབང་མཆོག་ལུ་ རྒྱལ་ཁབ་འདི་ནང་ སྔར་མ་བྱོན་པའི་མཛད་སྤྱོད་བཟང་པོ་ ལུགས་དང་ལྡནམ་སྦེ་བཤད་མི་འདི་དར་ཁྱབ་འགྱོ་ཡོདཔ་ཨིན།

འདི་བཟུམ་མའི་ བློ་རིག་ཅན་ མི་སེར་ཚུའི་ཞབས་ཏོག་དྲང་པོར་ཞུ་མི་ རྒྱལ་འཛིན་ཅིག་ འབྲུག་རྒྱལ་ཁབ་འདི་ནང་བྱུང་མི་འདི་ལུ་ འབྲུག་པའི་མི་སེར་ཚུ་སྐལ་བ་བཟང་ནུག།

ཨིན་དེ་རང་སྦེ་རུང་ ཕ་བཟང་གི་བུ་ གྱི་བཟང་གི་ཤུབས་ ཟེར་སླབ་སྲོལ་ཡོད་དོ་བཟུམ་ ད་ཚུན་གྱི་བར་ན་ འབྲུག་རྒྱལ་བཞི་པ་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ སྔར་ལས་མ་འདྲ་བའི་དགའ་སྐྱིད་དང་ལྡན་པ་ གོང་འཕེལ་མགྱོགས་དྲགས་འགྱོ་བའི་རྒྱལ་ཁབ་ཅིག་ལུ་སྒྱུར་གནང་ཡི།

རྒྱལ་ཁབ་མང་ཤོས་ཅིག་ནང་ དགའ་སྐྱིད་འདི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་བརྩིཝ་ད་ མི་དབང་མངའ་བདག་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ཀྱི་མི་དམངས་ལུ་ དགའ་སྐྱིད་འདི་ དཔལ་འབྱོར་གོང་འཕེལ་ཡར་རྒྱས་ལུ་མེན་པར་ མི་སེར་ཚུ་དགའ་སྐྱིད་དང་ལྡན་པ་ཅིན་ རྒྱལ་ཁབ་འདི་དགའ་སྐྱིད་དང་ལྡནམ་སྦེ་བརྩི་དགོཔ་སྦེ་་བཤད་གནང་ཡི། མི་དབང་མཆོག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ ངོ་སྤྲོད་མཛད་གནང་ཡོདཔ་ཨིན།

མི་དབང་ འབྲུག་རྒྱལ་བཞི་པ་ འཇིགས་མེད་སེང་གེ་ དབང་ཕྱུག་མཆོག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྒྱམ་སྒྲིང་སྒྲིང་བཙུགས་གནང་མི་དེ་གི་མ་ཚད་ འབྲུག་རྒྱལ་ཁབ་དེ་མངོན་གསལ་འབད་དགོཔ་ངེས་བདེན་ཡོད་མི་་གཉིས་ དབུ་ཁྲིད་ཀྱི་དཔེ་གཞི་ གཞན་གྱི་ཆ་བཞག་བཏུབ་གཅིག་ཨིན་མས།

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ "གསེར་ཁྲི་ལས་གོང་ཞུ་མཛད་དགོ་མི་འདི་ ལོ་ངོ་ སུམ་ཅུ་སོ་བཞི་གི་རིང་ གོང་འཕེལ་གྱི་འགྱུར་བ་མང་རབ་ཅིག་བྱུང་ཡོད་མི་དེ་ གཙོ་བོ་རང་ ང་བཅས་ར་འབྲུག་གི་མི་སེར་ཡོངས་ཀྱི་ཁ་རྗེ་དང་བསོད་ནམས་ལས་བརྟེན་ཨིནམ་ལས་ བརྟེན་ ད་ལས་ཕར་ གཞུང་སྐྱོང་གི་དབང་ཚད་འདི་ མི་སེར་ཚུ་ལུ་གནང་ནི་ཨིན" ཟེར་གསུངས་ཡི། དེ་མ་ཚད་ མི་དབང་མཆོག་གིས་ དུས་ཨ་རྟག་རང་ང་བཅས་མི་སེར་ཚུ་ལུ་ "མ་འོངས་པ་ལུ་ང་བཅས་རའི་རྒྱལ་ཁབ་འདི་ ཡར་ཅིག་བཀལ་རུང་མར་ཅིག་བཀལ་རུང་ མི་སེར་ཚུ་གི་ལགཔ་ཁར་ཨིན" ཟེར་གསུངས་གསུངམ་ས་རང་ཡོད། དེ་སྦེ་གོང་ཞུ་མཛད་མི་དེ་ མི་དབང་མཆོག་ལས་ མི་སེར་ཡོངས་ལུ་ གསོལ་རས་བཟུམ་ཅིག་ཨིན་མས། མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་་ འབྲུག་རྒྱལ་ཁབ་འདི་དུས་རབས་གསརཔ་ཅིག་ནང་བཙུགསཔ་མ་ཚད་ རྒྱལ་ཁབ་ཀྱི་གཞི་བདེ་དང་རང་དབང་ དང་མི་སེར་ཚུ་གྱི་མཐའ་དོན་ལུ་ ཁེ་ཕན་ཅན་གྱི་ མཛད་བྱ་བཟང་པོ་ལ་ཤ་ཅིག་་མཛད་ཡོདཔ་ཨིན།

མ་གཞི་ ན་གཞོན་ག་ལུ་རང་འབད་རུང་ རྒྱལ་ཁབ་སྐྱོང་ནིའི་འགན་ཁུར་འདི་ འཇམ་ཏོང་ཏོ་ཅིག་མེན་དེ་རང་འབད་རུང་ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ རྩ་ཁྲིམས་ཆེན་མོའི་འདྲི་བསྟུན་གསུངས་གྲོས་གནང་པར་ཆིབས་བསྒྱུར་མཛད་གནངམ་མ་ ཚད་ མི་སེར་ཚུ་དང་མཇལ་ཕྲད་གནང་སྟེ་ གཞུང་སྐྱོང་གི་ལམ་ལུགས་གསརཔ་དེ་གི་སྐོར་ལས་ མི་སེར་རེ་རེ་བཞིན་གྱི་བསམ་འཆར་ཚུ་ཡང་གསན་ཡི།

དམང་གཙོའི་རིང་ལུགས་འདི་ འབྲུག་རྒྱལ་ཁབ་དང་མི་སེར་ཡོངས་ལུ་ མི་དབང་ཡབ་སྲས་གཉིས་ཀྱི་ ཤུལ་བཞག་བཟང་པོ་གཅིག་ཨིན།