སྐད་ཡིག་ཚུ༌

ལོ་ལྔའི་འཆར་གཞི་འགོ་བཙུགས་པ།

འབྲུག་རྒྱལ་ཁབ་འདི་ ཧེ་མ་ དུས་རབས་མང་རབ་ཅིག་ རང་རྐྱང་སྦེ་སྡོད་མི་ལུ་བརྟེན་ མི་སེར་ཚུའི་འཚོ་བའི་གནས་ཚད་ ཡར་རྒྱས་མེད་མི་འདི་ མངའ་བདག་རྒྱལ་པོ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྲིད་དོན་ལུ་མཁས་པའི་ཐུགས་བསྐྱེད་དང་ རྒྱ་གར་གཞུང་དང་གཅིག་ཁར་ མཛའ་འབྲེལ་ ཧེ་མ་ལས་ལྷག་སྟེ་བྱུང་ནི་འདི་གིས་ རྒྱ་གར་གཞུང་ལས་ རོགས་རམ་གང་མང་གནང་བ་བཞིན་ ༡༩༦༡ ལོར་ མི་དབང་མཆོག་གིས་ ལོ་ལྔའི་འཆར་གཞི་འགོ་བཙུག་གནང་ནུག ༡༩༦༡ གི་ལོ་འདི་ལས་འགོ་བཟུང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ མི་སེར་ཚུའི་འཚོ་བའི་གནས་ཚད་ཡང་ ཡར་བསྐྱེད་འགྱོ་ནི་ འགོ་བཙུགས་ནུག ཨིན་རུང་ ༡༩༦༠ ཟླཝ ༡ གི་ལོ་ལྔའི་འཆར་གཞི་འགོ་མ་བཙུག་པའི་ཧེ་མ་ལས་རང་ ཕུན་ཚོགས་གླིང་- སྤ་རོ་ - ཐིམ་ཕུག་གི་གཞུང་ལམ་གྱི་ལཱ་འདི་འགོ་བཙུགས་ཡོད་ཨིན་མས།

The Five Year Planལོ་ལྔའི་འཆར་གཞི།

ལོ་ལྔའི་འཆར་གཞི་དང་པམ་འདི་ ༡༩༦༡ གི་ལོར་ མ་དངུལ་ས་ཡ་ ༡༧༤.༧ དང་བཅས་ གཡོ་འགུལ་འབད་ཡོདཔ་ཨིན། འཆར་གཞི་དེའི་དམིགས་ཡུལ་གཙོ་བོ་ ཤེས་རིག་། སོ་ནམ། སྒོ་ནོར་གསོ་སྐྱོང། ཞབས་ཏོག། འགྲུལ་འཁོར་གཏོང་ལེན་དང་དེ་ལས་ནགས་ཚལ་འཕེལ་བསྐྱེད་ཚུའི་རྟེན་གཞིའི་གཞི་ རྟེན་ཅིག་འགོ་བཙུག་ནིའི་དོན་ལུ་ཨིན་པས་ མ་དངུལ་ས་ཡ་ ༡༧༤.༧ ལས་མ་དངུལ་མཐོ་ཤོས་ ས་ཡ་ ༦༢ འདི་འཁོར་ལམ་བཟོ་ནི་དང་དེ་ལས་ ཤེས་རིག་ལུ་ས་ཡ་ ༡༠ གི་ཟད་འགྲོ་འགྱོ་ཡོད་དེ་ ལྷག་ལུས་མ་དངུལ་འདི་གཞན་མི་རྟེན་གཞི་ཚུ་ལུ་ཟད་འགྲོ་བཏང་ཡོདཔ་ཨིན།

རྒྱ་གར་གཞུང་གིས་ལམ་བཟོ་ མཁས་པ་དཱན་ཏག་ལས་ཁུངས་ཀྱི་བཟོ་བོ་དང་ལས་མི་དཀྱུས་མ་བཅས་བཏང་གནང་སྟེ་ ལཱ་སྡེ་དེ་གིས་ ཕུན་ཚོགས་གླིང་གི་འཁོར་ལམ་སྤ་རོ་དང་ཧཱ་ལུ་འབྲེལ་ བསམ་གྲུབ་ལྗོང་ཁར་གྱི་འཁོར་ལམ་བཀྲིས་སྒང་དང་མཐུད་ གསར་སྤང་གི་འཁོར་ལམ་དགེ་ལེགས་ཕུག་དང་རྩིས་རང་དང་མཐུད་དེ་ལས་དགེ་ལེགས་ཕུག་ ལས་ཞལམ་སྒང་དང་ཀྲོང་གསར་ལུ་མཐུད་དེ་ བསྡོམས་ཀྱི་འཁོར་ལམ་ཀི་ལོ་མི་ཀྲར་ ༡༧༧༠ སྒྲུབས་ཡོདཔ་ཨིན་མི་དེ་གིས་ རྒྱལ་ཁབ་གཉིས་ཆ་རའི་མི་སེར་ལུ་ཚོང་འབྲེལ་འཐབ་ནི་དང་ཚོང་རིག་ཚུ་ཡར་བསྐྱེད་ གཏང་ནི་ལུ་ཕན་ཐབས་སྦོམ་བྱུངམ་ལས་མི་སེར་ཚུ་གི་འཚོ་བའི་གནས་ཚད་ཡང་ཡར་བསྐྱེད་ འགྱོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཤེས་རིག་ལུ་ཡང་ འཆར་གཞི་མཇུག་བསྡུ་རེན་ལུ་ རྒྱལ་ཁབ་ནང་སློབ་གྲྭ་ ༥༩ དང་སློབ་ཕྲུག་ ༣༠༠༠ དེ་ཅིག་ཡོད་དེ་རྒྱལ་ཁབ་ལུ་ཕན་ནི་དང་དེ་བཟུམ་སྦེ་གསོ་བའི་ལས་ཁུངས་ཐིམ་ཕུག་ ལུ་གཞི་བཙུགས་ཏེ་ རྒྱལ་ཁབ་ཀྱི་གསོ་བའི་གནས་སྟངས་ལུ་ཕན་ཐབས་སྦོམ་སྦེ་རང་བྱུང་ཡོདཔ་ཨིན། རྒྱལ་ཁབ་ནང་གོང་འཕེལ་གྱི་གཞི་འགོ་བཙུགས་ཡོད་པས་ རྒྱལ་ཁབ་ཀྱི་མི་སེར་མང་ཤོས་ཅིག་སོ་ནམ་སྡེ་ཚན་ཡང་གཞི་བཙུགས་གནང་སྟེ་ སོ་ནམ་ལཱ་ལུ་བརྩོན་མི་ཚུའི་དོན་ལུ་རོགས་རམ་ སོན་ སྒོ་ནོར་གྱི་ལུད་ ལ་སོགས་པ་ཚུ་གནང་སྟེ་འབྲུག་སོ་ནམ་ཡར་བསྐྱེད་གཏང་ཡོདཔ་ཨིན།

དེ་བཟུམ་སྦེ་རང་ གློག་མེ་ལས་འཛིན་ཅིག་ཡང་གཞི་བཙུགས་ཡོད་དེ་ 400 KW སྦེ་མི་གློག་མེ་ལས་འགུལ་གཉིས་འགོ་བཙུགས་གནངམ་མ་ཚད་ ༡༩༦༡ ཚུན་འགྲེམ་ཁང་རིམ་ལུགས་ལེགས་ཤོམ་ཅིག་མེདཔ་ལས་ སྤྱི་ལོ་ ༡༩༦༢ ཟླཝ ༡༠ པའི་ཚེས་ ༡༠ ལུ་འབྲུག་གི་འགྲེམ་རྟགས་དང་པམ་འདི་སྤར་བསྐྲུན་འབད་ནུག མི་དབང་མཆོག་གིས་རྒྱ་གར་དང་མཐུན་འབྲེལ་མཛད་དེ་ གོང་འཕེལ་ལས་རིམ་སྣ་ཚོགས་མཛད་དེ་གཞི་བཙུགས་གནང་མི་འདི་གིས་ རང་རྐྱང་སྡོད་པའི་རྒྱལ་ཁབ་ཆུང་ཀུ་འདི་ཧ་མ་དང་ཕྱདཔ་ད་གོང་འཕེལ་སྦོམ་དང་དེང་ སང་དང་དུས་མཐུན་པའི་རྒྱལ་ཁབ་དགའ་སྐྱིད་དང་ལྡནམ་པའི་རྒྱལ་ཁབ་ཅིག་ལུ་གྱུར་ ཡོདཔ་ཨིན།