སྐད་ཡིག་ཚུ༌

ནེ་རུ་དང་ཨིན་དར་གྷན་དི་གི་གཟིགས་སྐོར།

སྤྱི་ལོ་ ༡༩༤༩ གི་ཆིངས་ཡིག་མཚན་རྟགས་བཀོད་པའི་ལོ་དེ་ལས་རང་ རྒྱ་འབྲུག་མཐུན་འབྲེལ་འདི་ སྒྲིང་སྒྲིང་འགྱོ་ཡོད་པའི་གུར་ སྤྱི་ལོ་ ༡༩༥༢ ལུ་ འབྲུག་རྒྱལ་གསུམ་པའི་ཁྲི་མངའ་གསོལ་ཚར་བའི་ཤུལ་ལས་ རྒྱ་འབྲུག་མཐུན་འབྲེལ་འདི་ ཧ་མ་ལས་ལྷགཔ་སྦེ་ སྒྲིང་སྒྲིང་འགྱོ་ནུག ལོ་གཉིས་ཀྱི་རྒྱབ་ ༡༩༥༤ གི་ལོར་ མི་དབང་མཆོག་ རྒྱ་གར་རྒྱལ་ཁབ་ལུ་གཟིགས་སྐོར་བྱོནམ་ད་ རྒྱ་གར་རྒྱལ་ཁབ་ཀྱིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕེབས་བསུ་ཞུ་ཡོད་པའི་ལེན་ལུ་ ༡༩༥༨ ལུ་ རྒྱ་གར་གྱི་སྲིད་འཛིན་ ཇོ་བ་ཧ་ལཱལ་ནེ་རུ་ འབྲུག་ལུ་གཟིགས་སྐོར་ནང་བྱོན་ནུག།

His Majesty Jigme Dorji Wangchuck (left) seen here with Prime Minister Jawaharlal Nehru (right) in 1958.སྤྱི་ལོ་ ༡༩༥༨ ལོ་ལུ་ འབྲུག་རྒྱལ་པོ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་༼གཡོན༽གིས་ རྒྱ་གར་གྱི་སྲིད་བློན་ ཇ་ཝ་ཧར་ལཱལ་ ནྷེ་རུ་༼གཡས༽དང་ མཇལ་ཕྲད་གནང་བའི་སྐབས།

སྲིད་འཛིན་མཆོག་ སྤ་རོ་ཨྱོན་དཔལ་རི་ཕོ་བྲང་ནང་ལུ་ བདུན་ཕྲ་གཅིག་གི་རིང་བཞུགས་སྐབས་ ༡༩༥༨ ཟླཝ ༩ པའི་ཚེས་ ༢༣ ལུ་ སྲིད་འཛིན་མཆོག་གིས་ སྤ་རོ་མི་སེར་ཚུ་ལུ་ གསུངས་མི་ནང་ “ ཁྱེད་འབྲུག་མི་སེར་ཚུ་གི་མནོ་བསམ་ལུ་ རྒྱ་གར་རྒྱལ་ཁབ་འདི་ རང་དབང་གི་རྒྱལ་ཁབ་སྦོམ་ཅིག་ཨིན་ནི་འདི་གིས་ འབྲུག་རྒྱལ་ཁབ་འདི་ དབང་གཙོང་ནི་དང་ རྒྱ་གར་རྒྱལ་ཁབ་ཀྱི་མངའ་འོག་ལུ་བཙུག་ནིའི་སྲིད་བྱུས་ ཡོད་དོ་འོང་ཟེར་མནོ་བ་ཅིན་ ད་ལྟོ་ ང་རང་དངོས་སུ་གིས་ཁྱེད་ཚུ་ལུ་ ང་བཅས་ རྒྱ་གར་གྱི་མནོ་བསམ་འདི་ ཁྱེད་ཀྱི་རྒྱལ་ཁབ་འདི་ རང་དབང་དང་དགའ་སྐྱིད་ཀྱི་ངང་ལུ་ གནས་བཅུག་ཟེར་བའི་སྨོན་ལམ་འདི་ ང་བཅས་རྒྱ་གར་ལུ་ཡོད། འདི་དང་གཅིག་ཁར་ ང་བཅས་ ཁྱིམ་ཚང་རྒྱལ་ཁབ་གཉིས་ཆ་རང་ རང་དབང་དང་་རྒྱལ་ཁབ་གཉིས་ཆ་རའི་བར་ན་ མཐུན་འབྲེལ་འདི་ཡང་ ག་དེ་དྲག་དྲག་ སྒྲིང་སྒྲིང་བཟོ་དགོཔ་འདི་ ང་བཅས་ག་ར་གི་འགན་ཁུར་ཨིནམ་མ་ཚད་ ང་བཅས་རྒྱལ་ཁབ་གཉིས་ཆ་རའི་ རང་དབང་འདི་གཞན་ དབང་ཆེན་རྒྱལ་ཁབ་ལས་སྲུང་དགོཔ་འདི ་ག་ནི་ལས་ ཁག་ཆེ་ཟེར་ཞུ་ནི་ཨིན” ཟེར་གསུངས་ནུག།

His Majesty Jigme Dorji Wangchuck (center) during Indira Gandhi’s (right) visit to Bhutan in 1968.མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་༼སྦུག༽ སྤྱི་ལོ་ ༡༩༦༨ ལོ་ལུ་ ཨིན་ད་ར་གཱན་དྷི་༼གཡས༽ འབྲུག་ལུ་གཟིགས་བསྐོར་ནང་བྱོན་དུས།

མི་དབང་ མངའ་བདག་རིན་པོ་ཆེ་མཆོག་གིས་ ༡༩༦༨ ལོར་ རྒྱ་གར་གཞུང་གི་སྲིད་བློན་ ཨིན་ད་ར་གཱན་དི་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་བྱོན་མི་ལུ་་གདན་ཞུ་མཛདཔ་མ་ཚད་ ལོ་འདིར་རང་ རྒྱ་གར་གཞུང་གིས་གཞུང་ཚབ་གཅིག་ འབྲུག་རྒྱལ་ཁབ་ནང་བཙུགས་དགོཔ་སྦེ་གྲོས་འཆར་ཞུ་མི་འདི་ འབྲུག་གཞུང་གིས་གསན་ཏེ་ རྒྱ་གར་གྱི་གཞུང་ཚབ་ ཐིམ་ཕུག་རྒྱལ་ས་ལྟེ་བ་ལུ་ བཙུགས་ཡོད་མི་འདི་ རྒྱལ་ཁབ་ནང་ སྔར་ལས་མ་འབྱུང་བའི་ ཕྱི་རྒྱལ་མཐུན་འབྲེལ་ཅིག་ཨིན་མས། འདི་བཟུམ་སྦེ་རང་ འབྲུག་རྒྱལ་ཁབ་ཀྱི་གཞུང་ཚབ་ཡང་ རྒྱ་གར་ལུ་བཙུགས་ཏེ་ སྤྱི་ལོ་ ༡༩༧༡ ཟླཝ་ ༥ པ་ལུ་ བློན་པོ་ པད་མ་དབང་ཕྱུག་ རྒྱ་གར་ལུ་ འབྲུག་གཞུང་གི་སྐུ་ཚབ་དང་ འབྲུག་ལུ་རྒྱ་གར་གཞུང་གི་སྐུ་ཚབ་ བི་ཨེསི་དྷསི་སྦེ་བཀལ་ནུག།