རྩ་ཁྲིམས་གཞི་བསྒྱུར།
འབྲུག་རྒྱལ་དང་པ་མཆོག་ དལ་ཁོམ་མེད་པར་ གསར་བྱུང་རྒྱལ་ཁབ་འདི་ བདེ་སྐྱིད་དང་ཞི་བདེ་ལུ་སྒྱུར་ཡོདཔ་དང་ འབྲུག་རྒྱལ་གཉིས་པ་མཆོག་ཡང་ དལ་ཁོམ་མེད་པར་ གསར་བྱུང་རྒྱལ་ཁབ་འདི་ སྒྲིང་སྒྲིང་དང་བཙན་ཏོག་ཏོ་བཟོ་ནི་བརྩོན་ནུག ཁོང་ ཡབ་སྲས་གཉིས་ཀྱིས་ རྒྱལ་ཁབ་འདི་ཡུན་བརྟན་དང་ མི་སེར་ལུ་ཕན་པའི་ ལེགས་བསྒྱུར་དང་གཞི་བསྒྱུར་ཚུ་མཛད་ནི་འདི་ འགོ་བཙུགས་ནུག མི་དབང་ རྡོ་རྗེ་དབང་ཕྱུག་མཆོག་ འབྲུག་རྒྱལ་གསུམ་པ་ བཞེས་ཏེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་གོང་འཕེལ་གྱི་དོན་ལུ་ བྱུང་རབ་དང་ལྡན་པའི་ རྒྱལ་ཡོངས་ཚོགས་འདུ་དང་ བློ་གྲོས་ཚོགས་སྡེ ་གཞི་བཙུགས་གནང་ནུག
འབྲུག་རྒྱལ་གསུམ་པ་གིས་ སྤྱི་ལོ་ ༡༩༥༣ ལུ་ རྒྱལ་ཡོངས་ཚོགས་འདུ་གཞི་བཙུགས་གནང་ནུག ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ རྒྱལ་ཁབ་ཀྱི་འཆར་གཞི་དང་ ཆབ་སྲིད་ཡར་རྒྱས་གཏང་ནི་ལུ་ མི་སེར་ཚུ་ བཅའ་མར་གཏོགས་བཅུག་ནི་འདི་ཨིན་མས། ཚོགས་འདུ་འདི་ནང་ གཞུང་གི་འཐུས་མི་ ༡༠ དང་ གྲྭ་ཚང་འཐུས་མི་ ༡༠ དེ་ལས་མི་སེར་འཐུས་མི་ ༡༡༠ བཅས་བསྡོམས་ཀྱི་ འཐུས་མི་ ༡༣༠ ཡོདཔ་ཨིན་མས། རྒྱལ་ཡོངས་ཚོགས་འདུ་འདི་ ལོ་གཅིག་ལུ་ཚར་གཅིག་ རྒྱལ་ཁབ་དང་མི་སེར་ཚུའི་གནད་དོན་ གྲོས་བསྟུན་འབད་བར་ཚོགསཔ་ཨིན། ཚོགས་འདུ་ འདི་ལས་བྱུང་ཡོད་པའི་གྲོས་ཆོད་འདི་ ཁྲིམས་ལུ་མ་བསྒྱུར་བའི་ཧེ་མ་ ཚོགས་འདུ་དེའི་འཐུས་མི་ དཔྱ་གསུམ་ལས་ དཔྱ་གཉིས་ཀྱིས་ཞལ་འཆམ་དགོཔ་མ་ཚད་ མི་དབང་མཆོག་ལས་ཡང་ བཀའ་གྲོལ་དགོཔ་ཨིན།
ཚོགས་འདུ་དེའི་འཐུས་མི་ཚུ་ ལོ་གསུམ་གྱི་བར་ན་ ཚར་རེ་ སོར་འགྱོཝ་ཨིནམ་དང་ ཚོགས་འདུ་དེ་ རྒྱལ་ཁབ་ཀྱི་ཁྲིམ་བཟོའི་ཕྱག་ལཱ་གནང་དགོཔ་དང་གཅིག་ཁར་ གྲོས་སྟོན་གྱི་ཕྱག་ལཱ་ཡང་ཚོགས་འདུ་དེའི་ཕྱག་འགན་ཨིན། གནམ་ལོ་ ༡༩༦༨ ལུ་ རྒྱལ་ཡོངས་ཚོགས་འདུ་དེའི་ བཅའ་ཡིག་དང་ཁྲིམས་ལུགས་ཚུ་ བསྐྱར་བཟོ་འབད་དེ་ མི་དབང་མཆོག་ ཁོ་རང་གིས་ཞལ་གྱིས་བཞེད་དེ་ བཀག་དམ་དབང་ཚད་དེ་ ཚོགས་འདུའི་གྲོས་ཐག་ལུ་གནང་ཡོདཔ་དང་ ཚོགས་འདུ་ལུ་རང་བཙན་དབང་ཚད་གནང་ནུག
སྤྱི་ལོ་ ༡༩༦༥ གི་ལོར་ བློ་གྲོས་ཚོགས་སྡེ་འདི་ མི་དབང་མཆོག་གིས་ གཞི་བཙུགས་གནང་ཡི། ཚོགས་སྡེ་ དེ་ནང་ མི་སེར་འཐུས་མི་ ༥ གྲྭ་ཚང་འཐུས་མི་ ༢ དང་ དེ་ལས་ མི་དབང་མཆོག་གིས་མི་ངོ་ བཀའ་བློན་གཅིག་དང་བཅས་ ༨་ ཡོདཔ་ཨིན་རུང་ ཤུལ་ལས་ མི་སེར་འཐུས་མི་༥་ལས་༦་ལུ་ ཡར་སེང་འབད་ནུག འཐུས་མི་ཚུ་ ལོ་ ༥ གི་བར་ན་ ཚར་རེ་ སོརཝ་ཨིན། ཚོགས་སྡེ་འདི་གིས་ ཕྱག་འགན་འདི་ རྒྱལ་ཡོངས་ཚོགས་འདུ་ལས་ གྲོས་ཆོད་བྱུང་ཡོད་མི་འདི་ལག་ལེན་འཐབ་མི་འཐབ་བལྟ་ནི་འདི་ཨིན། རྒྱལ་ཡོངས་ཚོགས་འདུ་དང་ བློ་གྲོས་ཚོགས་སྡེ་ གཞི་བཙུགས་འབད་མི་འདི་ རྒྱལ་ཁབ་ནང་གྲོས་ཆོད་ཕྱིར་སྤེལ་ འགོ་དང་པ་ཨིན་མས།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
