སྐད་ཡིག་ཚུ༌

རྒྱལ་ཁབ་སངར་ལས་རྩ་བརྟན་བཟོ་ནིའི་དོན་ལུ་ གོམས་འདྲིས་མཛད་ལུགས།

མི་དབང་འབྲུག་རྒྱལ་དང་པ་ ཨྱོན་དབང་ཕྱུག་མཆོག་དང་རྒྱལ་བཙུན་དང་ཨ་ཞེ་རིན་ཆེན་གཉིས་ལས་སྲས་གསུམ་ཁྲུངས་ ཡོད་དེ་འབད་རུང་ སྲས་གསུམ་ཆ་རང་ སྐུ་ན་ཕྲ་བའི་སྐབས་ལས་གཤགས་སོངམ་ལས་ མ་འོངས་རྒྱལ་སྲིད་སྐྱོང་མི་ཅིག་མེད་པར་བཞུགས་པའི་སྐབས་ གོང་ས་ཨྱོན་དབང་ཕྱུག་དང་རྒྱལ་བཙུན་གཉིས་པ་ཨ་ཞེ་བརྩུན་འགྲུས་ལྷ་མོ་ལས་ སྤྱི་ལོ་ ༡༩༠༥ ལུ་འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་མཆོག་སྐུ་འཁྲུངས་ནུག རྒྱལ་སྲས་མཆོག་ རྒྱལ་བཙུན་བརྩུན་འགྲུས་ལྷ་མོ་ཡབ་རྒྱལ་ལུ་ཕུལ་མི་ མཁན་པོ་རྒྱས་ཤེས་སྨིན་འབྲུག་གི་སྐུ་སྐྱེས་ཨིནམ་དང་ རྒྱལ་བཙུན་མཆོག་ལས་ མི་དབང་དྲག་ཤོས་རྡོ་རྗེ་དང་དྲག་ཤོས་གནག་ཀུ་ དེ་ལས་ཨ་ཞེས་དབང་མོ་ཡང་སྐུ་འཁྲུངས་ནུག།

The Second King of Bhutanའབྲུག་རྒྱལ་གཉིས་པ།

མི་དབང་མཆོག་ འབྲུག་གི་ན་གཞོན་ཚུ་གི་གྲས་ལས་ རིག་གསར་ཤེས་ཡོན་སྦྱང་མི་དང་པ་ཨིན་པའི་ཁར་ མི་དབང་མཆོག་གིས་ ཨིང་སྐད་དང་རྒྱ་སྐད་ དེ་ལས་རང་ལུགས་ཡིག་གུའི་སྦྱོར་བ་ཚུ་ཕོ་བྲང་ནང་སྦེ་གཟིགས་ནུག མི་དབང་མཆོག་ སྒྲིགས་དམ་དམ་ཐོག་ བདག་སྐྱོང་དང་སྲིད་དོན་གྱི་སྐོར་ལས་ སྦྱང་བ་ཁོ་རའི་ཡབ་ཀྱིས་གནང་སྟེ་ རྒྱལ་སྲས་མཆོག་ ཁྲིམས་ཁང་ནང་ལུ་ གཞན་འགན་འཛིན་པ་དང་འགོ་དཔོན་ དེ་ལས་གཞན་ འབྲེལ་བ་ཡོད་པའི་གཡོགཔོ་ཚུ་དང་ཡང་ཕྱག་ལཱ་གནང་བཞུགས་ནུག

བདག་སྐྱོང་གི་ལཱ་ སྦྱང་བ་ཐོབ་བཅུག་ནིའི་དོན་ལུ་ སྤྱི་ལོ་ ༡༩༡༨ ལོར་དགུང་ལོ་ བཅུ་གསུམ་ལངམ་ད་ རྒྱལ་སྲས་འདི་ ་ཀྲོང་གསར་མགྲོན་གཉེར་སྦེ་བཀལཝ་ཡོད་པའི་ཁར་ སྤྱི་ལོ་ ༡༩༢༣ ལུ་ ཡབ་ཁོ་རང་གི་འཛིན་ཡོད་མི་ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་འདི་ རྒྱལ་སྲས་མཆོག་ལུ་ ཀྲོང་གསར་དཔོན་སློབ་ ༡༤ ་པ་སྦེ་ བཀལ་གནང་ཡི། ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་བཞེས་པའི་སྐབས་ཡང་ ཁོ་རའི་ཡབ་དང་གཅིག་ཁར་ཕྱག་ཞུ་སྟེ་ རྒྱལ་ཁབ་ཀྱི་སྲིད་རྒྱུ་དང་གཞུང་སྐྱོང་ཐངས་ཀྱི་རིག་པ་ཚུ་སྦྱང་བར་བྱོན་ནུག

ཀྲོང་གསར་དཔོན་སློབ་ཀྱི་ གོ་གནས་བཞེས་པའི་ལོ་འདིར་ མི་དབང་མཆོག་གིས་ ཆུ་མེད་ཞལ་ངོ་གི་དྲག་ཤོས་ འཇམ་དབྱངས་དང་དམ་ཆོས་གཉིས་ཀྱི་སྲསམོ་ ཨེ་ཞེ་ཕུན་ཚོགས་ཆོས་སྒྲོན་རྒྱལ་བཙུན་སྦེ་བཞེས་པའི་ཤུལ་ལས་ རྒྱལ་བཙུན་གྱི་མོ་སྤུན་ ཨ་ཞེ་པད་མ་ཡང་རྒྱལ་བཙུན་སྦེ་བཞེས་ནུག

རྒྱལ་བཙུན་ཨ་ཞེ་ ཕུན་ཚོགས་ཆོས་སྒྲོན་ལས་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་དང་ ཨ་ཞེ་ཆོས་སྐྱིད་གཉིས་སྐུ་འཁྲུངས་ཡོདཔ་དང་ རྒྱལ་སྲས་རྣམ་རྒྱལ་དབང་ཕྱུག་ ཨ་ཞེ་བདེ་སྐྱིད་དབྱངས་འཛོམས་དང་ ཨ་ཞེ་པད་མ་གསུམ་ རྒྱལ་བཙུན་ཨ་ཞེ་ པད་མ་བདེ་ཆེན་ལས་སྐུ་འཁྲུངས་ནུག

རྒྱལ་སྲས་འདི་ སྐུ་ན་གཞོན་པའི་སྒང་ལས་ གཞུང་སྐྱོངས་དང་བདག་སྐྱོང་གི་ སྦྱོང་བརྡར་ཚུ་མཛད་པར་མ་ཚད་ སྤྱི་ལོ་ ༡༩༢༢ ལུ་ རྒྱལ་བཙུན་གཤགསཔ་ད་ཡང་ རྒྱལ་སྲས་མཆོག་ཁོ་རང་སྐུ་ན་གཞོནམ་ཨིན་རུང་ རྒྱལ་བཙུན་གཤགས་པའི་དགེ་ལས་ཚུ་ ཆ་མཉམ་མཛད་གནང་ནུག

སྤྱི་ལོ་ ༡༩༢༦ གི་ལོར་ གོང་ས་ཨྱོན་དབང་ཕྱུག་མཆོག་ ཞིང་གཤེགས་ཚར་བའི་ཤུལ་ལས་ སྤྱི་ལོ་ ༡༩༢༧ ཟླཝ་ ༣ པའི་ཚེས་ ༡༤ ལུ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་ སྤུ་ན་ཁ་དགོན་སྡེའི་གཙོ་འཛིན་ ཞབས་དྲུང་འཇིགས་མེད་རྡོ་རྗེ་སྐུ་ངོ་སྐབས་ འབྲུག་རྒྱལ་གཉིས་པའི་ཁྲི་མངའ་གསོལ་ཞུ་ནུག ཁྲི་མངའ་གསོལ་ཞུ་བའི་སྐབས་ དགེ་འདུན་བྲ་ཚང་དང་འགོ་དཔོན་དེ་ལས་ ཕྱི་གླིང་པའི་རྒྱ་གར་གཞུང་གི་གཞུང་ཚབ་སྦེ་ ཀོ་ལོ་ནེལ་ ཨེཕ་ཨེམ་བེ་ལི་ཚུ་འཛོམས་གནང་ཡི། འབྲུག་རྒྱལ་གཉིས་པའི་ ཁྲི་མངའ་གསོལ་འདི་ རྒྱལ་ཁབ་གཅིག་སྒྲིལ་གཅིག་མཐུན་དང་རང་བཙན་གྱི་བརྡ་མཚོན་ཨིན་པའི་ཁར་ རྒྱལ་ཁབ་ཁྱིམ་ཚང་ཚུ་དང་མཐུན་ལམ་ལེགས་པའི་བརྡ་མཚོན་ཅིག་ཡང་ཨིན་མས།