སྐད་ཡིག་ཚུ༌

སྤུ་ན་ཁའི་ཆིངས་ཡིག།

འབྲུག་རྒྱལ་ཁབ་ཆུང་ཀུ་ཅིག་ལས་མེད་མི་འདི་ རྒྱ་བོད་རྒྱལ་ཁབ་སྦོམ་གཉིས་ཀྱི་བར་ན་ གནས་ཏེ་ཡོདཔ་ཨིན། དུས་རབས་ ༢༠ འགོ་བཙུགས་སྐབས་ བོད་རྒྱལ་ཁབ་ནང་ རྒྱ་མི་གིས་འབད་རྩོལ་བསྐྱེད་པའི་སྐབས་ འབྲུག་རྒྱལ་ཁབ་འདི་ཆུང་ཀུ་ཅིག་ཨིནམ་ལས་ རྒྱལ་ཁབ་འདི་ གཞན་དབང་ཆེན་རྒྱལ་ཁབ་ཀྱིས་དབང་ནི་ལས་ ཉེན་སྲུང་འབད་ཐབས་ལུ་ བིརི་ཊིཤ་ཨིན་ཌི་ཡ་གཞུང་དང་འབྲུག་གཞུང་གཉིས་ཀྱི་བར་ན་ཡོད་པའི་མཐུན་འབྲེལ་ འདི་ ཧེང་སྐལ་སྒྲིང་སྒྲིང་བཟོ་ནི་འདི་ཁག་ཆེཝ་སྦེ་གཟིགས་ཏེ་ རྒྱལ་ཁབ་གཉིས་ཀྱི་བར་ན་ཡོད་པའི་མཐུན་འབྲེལ་འདི་སྔར་བ་ལྷགཔ་སྦེ་སྒྲིང་སྒྲིང་ བཟོ་ནི་ལུ་བརྩོན་ནུག རྒྱལ་ཚབ་གསརཔ་ ལོཊི་མིན་ཊོ་གིས་ ཐ་ན་གྲོགས་རམ་དངུལ་ཡང་ ཡར་སེང་བཏང་སྟེ་ འབྲུག་ནང་འཁོད་ཀྱི་ནང་དོན་ཚུ་ནང་ རྒྱ་མི་ཚུ་གིས་ བར་ཆད་མི་བརྐྱབ་ནིའི་དོན་ལུ་ བིརི་ཊིཤ་གཞུང་དང་འབྲུག་གཞུང་གཉིས་ཀྱི་མཐུན་ལམ་འདི་སྔར་བ་དམ་ཟབ་བཟོ་ཡི།

King Ugyen Wangchuck of Bhutan and Chogyel Thutop Namgyel of Sikkim attending the Coronation Durbar of King George V, Delhi, Decགོང་ས་ཨྱོན་དབང་ཕྱུག་མཆོག་དང་ འབྲས་ལྗོངས་རྒྱལཔོ་ ཆོས་རྒྱལ་མཐུ་སྟོབས་རྣམ་རྒྱལ་གཉིས་ སྤྱི་ཟླ་ ༡༢་པའི་ནང་ དི་ལི་ལུ་ རྒྱལཔོ་ ཇིའོརཇ་ ༥ འི་མངའ་གསོལ་ནང་བྱོན་དུས།

རྒྱ་མི་ཚུ་གིས་ རྒྱལ་ཁབ་གཞན་ཚུ་ནང་འབད་རྩོལ་བསྐྱེད་སྐབས་ སི་ཀིམ་སྲིད་དོན་འགོ་དཔོན་ ཅར་ལིསི་ ཨེ་བེལ་ གྱིས་འབྲུག་དང་ཨེང་ལོ་(Anglo-Bhutanese ) གི་མཐུན་ལམ་འདི་སྒྲིང་སྒྲིང་བཟོ་དགོཔ་འདི་ཁག་ཆེཝ་སྦེ་གཟིགས་ཏེ་ བིརི་ཊིཤ་རྒྱལ་ཁབ་ཀྱི་ རྒྱ་ནག་ བོད་དེ་ལས་འབྲུག་དང་གཅིག་ཁར་ཡོད་པའི་མཐུན་ལམ་སྙན་ཞུ་བྲིས་མི་ནང་ “ འབྲུག་རྒྱལ་ཁབ་ལུ་ ང་བཅས་ཀྱི་ལྟ་བ་འདི་ གྲོགས་རམ་དང་མཐུན་ལམ་གང་དྲག་བྱིན་ནི་དང་ འབད་ཚུགས་པ་ཅིན་ རང་སོའི་རྒྱལ་ཁབ་ཁབ་རང་བཙན་བཞག་ཐབས་དང་ ཉེན་སྲུང་གི་དོན་ལུ་ ཆིངས་ཡིག་བཟོ་ནི་འདི་ཁབ་ཆེ་བས”

ཟེར་བྲིས་ཡོདཔ་བཞིན་ ལོན་ཌོན་གྱི་གན་རྒྱ་འདི་ ༡༨༦༥ གི་ སིན་ཅུ་ལ་ཆིངས་ཡིག་སྦེ་ ཚབ་བཙུགས་ནའི་དོན་ལུ་ ཅར་ལིསི་ ཨེ་བེལ་དང་གཅིག་ཁར་ ཀེབ་ཊེན་ རོ་བརཊི་ ཀི་ནི་ཌི་ འབྲུག་ལུ་ ཆིངས་ཡིག་ཚབ་བཙུག་སྐོར་ བདེ་སྒྲིག་འབད་བར་བཏང་ནུག བིརི་ཊིཤ་གིས་ གྲོགས་རམ་དངུལ་ ༡༠༠,༠༠༠ ལུ་ཡར་སེང་འབད་ནིའི་ཞུ་བ་འབད་ཡོདཔ་དང་ དེ་ལས་ མི་དབང་མཆོག་གིས་ཞུ་བ་ལྟར་ དམག་ཆས་ཚུ་ཡང་ནང་འདྲེན་འབད་ནུག སྤྱི་ལོ་ ༡༩༡༠ ཟླཝ་ ༡ པའི་ཚེས་ ༨ ལུ་ བིརི་ཊིཤ་ཨིན་ཌི་ཡ་གཞུང་ཚབ་ ཅར་ལིསི་ ཨེ་བེལ་ དང་འབྲུག་གཞུང་ཚབ་ གོང་སར་ཨྱོན་དབང་ཕྱུག་མཆོག་གིས་ ཆིངས་ཡིག་འདི་སྤུ་ན་ཁ་ལུ་ མཐར་འཁྱོལ་ཅན་ཅིག་སྦེ་མཇུག་བསྡུ་ནུག།

༡༩༦༥ གི་སིན་ཅུ་ལ་ཆིངས་ཡིག་འདི་ སྤུ་ན་ཁའི་ཆིངས་ཡིག་ལུ་བསྐྱར་བཟོ་འབད་ཡོད་པའི་རྩ་ཚན་ཚུ་ : - སིན་ཅུ་ལའི་ཆིངས་ཡིག་ རྩ་ཚན་ བཞི་པ་ ལེགས་བཅོས་འབད་མི་ནང་ ་བིརི་ཊིཤ་གཞུང་གིས་འབྲུག་གཞུང་ལུ་ ཌུཝརསི་ས་ཁོངས་ཀྱི་དོན་ལུ་ གྲོགས་རམ་དངུལ་ཀྲམ་ ༥༠,༠༠༠ ལས་ ༡༠༠,༠༠༠ ལུ་ ༡༩༡༠ ཟླཝ་ ༡ པའི་ཚེས་ ༡༠ ལས་འགོ་བཟུང་ ཡར་སེང་འབད་ནི་སྦེ་བཀོད་དེ་ཡོད། - སིན་ཅུ་ལའི་ཆིངས་ཡིག་ རྩ་ཚན་ བདུན་པ་ ལེགས་བཅོས་འབད་མི་ནང་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་བདག་སྐྱོང་ཚུ་ནང་ བིརི་ཊིཤ་གིས་བར་དཀྲོགས་བརྐྱབ་ནི་མེདཔ་དང་ འབྲུག་གཞུང་གིས་ ཕྱིའི་མཐུན་ལམ་ཚུའི་སྐོར་ལས་ བིརི་ཊིཤ་གཞུང་ལུ་འདྲི་བསྟུན་འབད་ནི་སྦེ་ ཁ་འཆམ་ཡོད། - དེ་མ་ཚད་ གལ་སྲིད་ སི་ཀིམ་དང་ཀུཆ་བི་ཧར་གྱི་དབུ་ཁྲིད་ཚུའི་ཁ་ཐད་དུ་ཡང་ན་ཞལ་འཆམ་རེ་མེདཔ་འདྲཝ་ ཅིག་འབད་བ་ཅིན་ འབྲུག་གཞུང་གིས་ བིརི་ཊིཤ་གཞུང་ལུ་ མཐུན་འགྲིག་དང་འཆམ་ཁ་བཟོ་ནིའི་སྙན་ཞུ་འབད་ནི་སྦེ་ ཁ་འཆམ་ཡོད།

དེ་མ་ཚད་ ཀ་ལིང་པོང་ལུ་ འབྲུག་ངོ་ཚབ་བཙུག་ནིའི་ས་སྒོ་ཅིག་ཡང་ཐོབ་པ་དང་གཅིག་ཁར་ ཀཱལ་ཀཱ་ཊ་ལུ་ཡོད་པའི་ཏི་རུའི་པར་ཁང་ལག་ལེན་འཐབ་ཆོག་པའི་གནང་བ་ཡང་ཐོབ་ནུག གཞན་ཡང་ བིརི་ཊིཤ་གཞུང་གིས་ འབྲུག་རྒྱལ་ཁབ་ཀྱི་རང་བཞིན་ཐོན་སྐྱེད་ཚུ་ཡང་ ཡར་རྒྱས་བཏང་ནིའི་གྲོགས་རམ་གནང་ནི་གི་ཁས་ལེན་དང་ སི་ཀིམ་ལས་ གཞུང་གི་བཟོ་རིག་འགོ་དཔོན་ ཌོ་བར་གིས་ དངུལ་ཀྲམ་ ༥༥,༠༠༠ ལུ་ བྷ་ས་ ལས་ ཆུ་ཁ་ཚུན་ རྟ་ལམ་ཅིག་སྟོན་ནིའི་ཁས་ལེན་ནུག །

ཆིངས་ཡིག་མཚན་རྟགས་བཀོད་ མི་འདི་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཡུན་གནས་མཐུན་ལམ་དང་ཞི་བདེ་ངེས་བརྟན་བཟོ་བའི་རྟགས་ཅིག་ཨིན། ཆིངས་ཡིག་འདི་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ ནང་འཁྲུག་དང་དམག་འཛིན་ལངས་ དེ་ལས་ དབང་ཆེན་རྒྱལ་ཁབ་ཚུ་གིས་དབང་མེད་རྒྱལ་ཁབ་ཆུང་ཀུ་ཚུ་མངའ་འོག་ལུ་བཙུགས་པའི་ སྐབས་ མཚན་རྟགས་བཀོད་ཡོད་མི་འདི་གིས་ འབྲུག་རྒྱལ་ཁབ་ རང་བཙན་དང་ཞི་བདེ་ལུ་གནས་ནི་འདི་ངེས་བརྟན་བཟོ་ཡོདཔ་དང་གཅིག་ཁར་ བིརི་ཊིཤ་རྒྱལ་ཁབ་ལུ་ འབྲུག་རྒྱལ་ཁབ་འདི་གཞན་རྒྱལ་ཁབ་ཀྱི་མངའ་འོག་ལུ་ཚུད་དེ་ རྒྱ་གར་རྒྱལ་ཁབ་དབང་བཙོང་འབད་ནིའི་ཉེན་སྲུང་ལས་རྒྱབ་སྐྱོར་འབད་ཡོད་པས་ དུས་ཐད་ཀར་ཆིངས་ཡིག་མཚན་རྟགས་བཀོད་མི་འདི་གིས་ རྒྱལ་ཁབ་གཉིས་ཆ་རང་ལུ་ ཕན་པ་སྦོམ་བྱུང་ཡོདཔ་ཨིན།།