སྐད་ཡིག་ཚུ༌

རྒྱལ་རྒྱུད་རྒྱལ་ཁབ་གཞི་བཙུགས་གནང་མིའི་ཁྲི་མངའ་གསོལ།

འབྲུག་རྒྱལ་ཁབ་ གཅིག་མཐུན་དང་དགའ་ཏོག་ཏོ་ བཟོ་བའི་ཤུལ་ལས་ གོང་ས་ཨྱོན་དབང་ཕྱུག་མཆོག་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་དང་པོ་སྦེ་ངོས་འཛིན་འབད་ཡི། ༡༨༨༥ གི་ལོར་ ནང་འཁོད་དམག་འཛིན་འདི་མཇུག་བསྡུ་སྟེ་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཁབ་ཀྱི་གོ་གནས་ཁ་ཆེ་ཤོས་དང་སྦོམ་ཚུ་ བློ་གཏད་ཚུགས་པའི་ཉེ་ཚན་ཚུ་བཀལ་གནང་ཡི། མཁྱེན་རྒྱ་ཆེ་བའི་རྒྱལ་པོ་མཆོག་གིས་ ཕྱག་ལཱ་དེ་ མཛད་གནང་མི་འདི་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་ དཔལ་འབྱོར་གོང་འཕེལ་དང་དེ་ལས་ མི་སེར་ཚུའི་སྐྱིད་སྡུག་དང་ཕན་བདེའི་འཆར་གཞི་དང་ལམ་སྟོན་གྱི་འགོ་ཅིག་ཨིན།

The enthronement of Ugyen Wangchuck as first hereditary king of Bhutan (Druk Gyelpo), Punakha Dzong, 17 December 1907. འབྲུག་རྒྱལ་དང་པའི་ཁྲི་མངའ་གསོལ། སྤུ་ན་ཁ་རྫོང་། སྤྱི་ལོ་ ༡༩༠༧ ཟླཝ་ ༡༢ པའི་ཚེས་ ༡༧།

༡༩༠༤ གི་ཡོང་ཧས་བེནཌི་དོན་གཅོད་སྐབས་ བིརི་ཊིཤ་དང་བོད་གཉིས་ཀྱི་བར་ན་ཚོང་འབྲེལ་ཁེ་དབང་སྐོར་ལས་ གོ་ས་ཨྱོན་དབང་ཕྱུག་མཆོག་གིས་བདེ་སྒྲིག་བཟོ་གནང་བས་ བིརི་ཊིཤ་གཞུང་གིས་ མི་དབང་མཆོག་རྒྱ་གར་རྒྱལ་ཁབ་ཀྱི་དམག་སྡེ་དཔའོ་སྦེ་མཚན་རྟགས་ཐོབ་སྟེ་ མཐར་འཁྱོལ་ཅན་གྱི་དབུ་ཁྲིད་དང་སྐྱོང་བཞག་མཁས་པ་ཅིག་སྦེ་དར་ཁྱབ་འགྱོ་ཡོདཔ་ ཨིན།

ཀྲོང་གསར་དཔོན་སློབ་ ཨྱོན་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ནང་ལུ་ ཞི་བདེ་དང་དགའ་སྐྱིད་སྤེལ་བས་ མི་སེར་ཚུ་གིས་ དཔོན་སློབ་མཆོག་ལུ་མཐར་ཁྱོལ་ཅན་གྱི་དབུ་ཁྲིད་དང་སྐྱོང་བཞག་མཁས་པ་ཅིག་སྦེ་ བློ་གཏག་ཐོག་ སྤྱི་ལོ་ ༡༩༠༧ ཟླཝ་ ༡༢ པའི་ཚེས་ ༡༧ ལུ་ ཀྲོང་གསར་དཔོན་སློབ་ཨྱོན་དབང་ཕྱུག་མཆོག་ འབྲུག་རྒྱལ་དང་པ་སྦེ་ སྤུ་ན་ཁ་རྫོང་ནང་ལུ་ཁྲི་མངའ་གསོལ་མཛད་ཅི། དུས་སྟོན་དེའི་སྐབས་ བིརི་ཊིཤ་ཨིན་ཌི་ཡ་གཞུང་ཚབ་སྦེ་ ཇཱོན་ཀ་ལའུཊི་ཝའིཊི་དང་ གཞུང་གྲྭ་ཚང་གི་ངོ་ཚབ་འཐུས་མི་དང་གཞན་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་གནང་ཡི། དུས་སྟོན་འདི་ རང་ལུགས་ མཛད་སྒོ་རྟེན་འབྲེལ་དང་ཡིག་ཆ་གུ་ཐེའུ་དང་བཅས་བརྩི་སྲུང་འབད་ཡི།

དུས་སྟོན་དེའི་སྐོར་ལས་ སྲིད་དོན་འགོ་དཔོན་ ཇཱོན་ཀ་ལའུཊི་གིས་ ཁོ་རའི་དཔེ་དེབ་ “ སི་ཀིམ་དང་འབྲུག་ རྒྱལ་ཁབ་ཀྱི་བྱང་ཤར་ས་མཚམས་གུ་ ལོ་ ཉི་ཤུ་-གཅིག་ ༡༨༨༧-༡༩༠༨ ” ཟེར་མི་ནང་

“ འབྲུག་རྒྱལ་ཁབ་འདི་ནང་ ཧེ་མ་ལས་ དབུ་ཁྲིད་མཛད་མི་ཅིག་མེད་པའི་རྒྱལ་ཁབ་ཅིག་ཨིན་པས་ གཞུང་གྲྭ་ བླམ་སློབ་དཔོན་ རྫོང་ཁག་ ཁག་གྱི་སྤྱི་དཔོན་དང་མི་སེར་ཡོངས་ཀྱིས་ ཀྲོང་གསར་དཔོན་སློབ་ཨྱོན་དབང་ཕྱུག་མཆོག་ འབྲུག་རྒྱལ་ཁབ་ཀྱི་འབྲུག་རྒྱལ་དང་པ་སྦེ་ བཙག་འཐུ་འབད་དེ་ རང་ལོ་གནམ་ལོ་ས་སྤྲེལ་ རང་ཟླ་ ༡༡ པའི་ཚེས་ ༡༣ ལུ་ སྤུ་ན་ཁ་ ཕོ་བྲང་ནང་འབད་ འབྲུག་རྒྱལ་དང་པའི་ཁྲི་མངའ་གསོལ་གྱི་བརྩི་སྲུང་མཛད་ཅི”

“ དུས་དེ་རེས་ལས་འགོ་བཟུང་ ང་བཅས་མི་སེར་ཡོངས་ཀྱི་ མི་དབང་མཆོག་དང་སྐུ་འཁོར་ལུ་ བློ་གཏད་དང་ཡིད་ཆེ་ དེ་ལས་ཐ་དམ་ཚིག་གི་ཁས་བླང་ཡོད། གལ་སྲིད་ གན་རྒྱ་འདི་ལས་འགལ་བའི་ལཱ་འབདཝ་འདྲཝ་ཅིག་འབད་བ་ཅིན་ འདི་ཁྲིམས་འགལ་གྱི་ལཱ་ཨིན་པའི་ངོས་འཛིན” མི་མང་ཁ་འཆམ་ཐེའུ་རྐྱབས་ཡོད་པའི་ གན་རྒྱ་ཡིག་ཆ་དེའི་ འདྲ་གཉིས་བཟོ་སྟེ་ མཚན་རྟགས་ཐེའུ་རྐྱབ་ཡོདཔ་ཨིན།

མི་དབང་ཨྱོན་དབང་ཕྱུག་ མཆོག་ འབྲུག་རྒྱལ་དང་པ་སྦེ་ མི་སེར་ཚུ་གིས་བཙག་འཐུ་འབད་མི་འདི་ལུ་ བིརི་ཊིཤ་སྲིད་དོན་འགོ་དཔོན་ ཇཱོན་ཀ་ལའུཊི་གི་ གསལ་བཤད་ན་ “ ཁྱེད་མི་སེར་ཚུ་གིས་ མི་དབང་ཨྱོན་དབང་ཕྱུག་མཆོག་འབྲུག་རྒྱལ་དང་པ་སྦེ་ བཙག་འཐུ་འབད་མི་འདི་ ཤེས་རབ་དང་ལྡན་པའི་ལཱ་ཅིག་ཨིན་མས་ཟེར་ཞུ་ནི་ཨིན། མི་དབང་ཨྱོན་དབང་ཕྱུག་མཆོག་ ངེའི་མཐུན་བཤེས་སྦེ་ ལོ་མང་རབ་ཅིག་ལོག་སོངམ་ལས་ ང་གིས་འབད་བ་ཅིན་ ཁྱེད་མི་སེར་ཚུ་གིས་ མི་དབང་མཆོག་ལས་ དབུ་ཁྲིད་ལེགས་ཤོམ་ སྐྱོང་བཞག་ལུ་མཁས་པ་ཡོད་མི་གཞན་མི་ཐོབ་ཟེར་ཞུ་ནི་ཨིན། ཁྱེད་མི་སེར་ཚུ་གིས་ མི་དབང་ཨྱོན་དབང་ཕྱུག་མཆོག་ འབྲུག་རྒྱལ་ཁབ་ཀྱི་དཔོན་སྦེ་བཙག་འཐུ་སྦེ་མི་དེ་ རྒྱལ་ཁབ་ལུ་ཕན་པའི་ཕྱག་ལཱ་ལེགས་ཤོམ་མཛད་ཅི་ དེ་མ་ཚད་ ཁྱེད་མི་སེར་ཚུ་གིས་ རིག་ལྡན་གྱི་ཕྱག་ལཱ་མཛད་མི་འདི་གིས་ བྲི་ཊིཤིས་གཞུང་ལུ་ཡང་སྟབས་བདེ་སྦོ་བཟོ་ཡི” ཟེར་གསུངས་ཡི།