ལོ་བརྒྱའི་རྒྱལ་བརྒྱུད་རིངས་ལུགས་: དུས་བསྐལ་ཧེ་མའི་རྗེས་དྲན།
འབྲུག་གི་སྐོར་ལས་ ཧེ་མ་དུས་རབས་གཉིས་པའི་ནང་ལས་ཡོད་དེ་འབད་རུང་ རྒྱལ་རབས་ནང་ལུ་ དུས་རབས་བདུན་མན་ཆད་ཡོད་མི་དེ་ཡང་ དུས་རབས་བདུན་པའི་ནང་ལུ་ ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ བཞེངས་ཡོད་པའི་སྤ་རོ་སྐྱིད་ཆུ་ལྷ་ཁང་དང་ བུམ་ཐང་བྱམས་པ་ལྷ་ཁང་གཉིས་ཨིན། དེ་ལས་དུས་རབས་ ༨ པའི་ནང་ ཨྱོན་གུ་རུ་རིན་པོ་ཆེ་དང་ དུས་རབས་ ༩ པའི་ནང་ བོད་ལས་མཐར་བཤུད་བཏང་མི་ ལྷ་སྲས་གཙང་མ་བྱོན་ཡོདཔ་དང་ འབྲུག་ཤར་ཕྱོགས་དང་དབུས་ཕྱོགས་ལུ་ མི་རིགས་བཟང་དྲག་གི་ས་བོན་བཙུགས་གནང་མི་ཡང་ ལྷ་སྲས་གཙང་མ་ཨིནམ་སྦེ་བཀོད་དེ་ཡོདཔ་ཨིན། དེ་མ་ཚད་ དུས་རབས་ ༡༣ པའི་ནང་ བོད་ལས་ཕ་ཇོ་འབྲུག་སྒོམ་ཞིག་པོ་བྱོན་གནང་སྟེ་ འབྲུག་ལུ་འབྲུག་པ་བཀའ་རྒྱུད་ཀྱི་གྲྭ་འགོ་དང་པ་བཙུགས་གནང་ཡོདཔ་ཨིན། མ་གཞི་དེ་བསྒང་ ཕྱོགས་ཀུན་ལས་ བླམ་ལེ་ཤ་བྱོན་ཏེ་ འཁོན་འཛིན་ལངས་རུང་ ཆོས་སྲིད་དང་རྒྱལ་སྲིད་གཉིས་ཀྱི་གོང་འཕེལ་གྱི་ལཱ་ནང་ ཕན་འདེབས་སྦོམ་ར་མཛད་གནང་ནུག།
ངོ་སྤྲོད་: དབྱིན་ལོ་ ༡༩༠༧ ཡན་ཆད་ཀྱི་སྔོན་རབས་རྗེས་དྲན།
སྤྱི་ལོ་ ༡༦༡༦ ལུ་ ལུང་བསྟན་དང་འཁྲིལ་ཏེ་ བོད་ལས་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་བྱོན་ཏེ་ ཧེ་མ་ཡོད་པའི་འབྲུག་གི་ལམ་ལུགས་ཚུ་ ལེགས་བསྒྱུར་མཛད་དེ་ ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ལུ་བསྒྱུར་གནངམ་མ་ཚད་ མི་ལུ་ཕོག་པའི་ཁྲལ་ཚུ་ཡང་ བསྐྱར་ཞིབ་མཛད་དེ་ ལུང་ཕྱོགས་རེ་རེའི་ནང་ལུ་ གཞུང་སྐྱོང་གི་ལམ་ལུགས་ཚུ་གཞི་བཙུགས་མཛད་གནང་ནུག།
དེ་གི་ཤུལ་ལས་ སྤྱི་ལོ་ ༡༦༥༡ ལས་ སྤྱི་ལོ་ ༡༩༠༧ གྱི་བར་ན་ སྡེ་སྲིད་དང་པ་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་གྱིས་འགོ་བཙུགས་ཏེ་ སྡེ་སྲིད་ ༥༤ ཚུན་ ནང་དོག་འཐབ་འཛིང་ལངས་སྟེ་སྡོད་ཡོདཔ་དང་ ཕྱི་གླིང་རྒྱ་གར་དང་གཅིག་ཁར་ཡང་ དམག་འཁྲུགས་ལངས་ཏེ་ མཐའ་མཇུག་ སྤྱི་ལོ་ ༡༧༧༤ གི་ཆིངས་ཡིག་ཅིག་བཟོ་ནུག།
དམག་འཁྲུག་གི་གྲས་ལས་ གཅིག་འདི་ སྤྱི་ལོ་ ༡༨༦༤ ལུ་ ཨེཤ་ལེ་ཨི་ཌེན་དང་གཅིག་ཁར་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱི་འགོ་ཁྲིད་ཐོག་ ཌཱུ་འར་དམག་འཛིང་ ཚར་ལེ་ཤ་ལངས་པའི་ཤུལ་ལས་ སྤྱི་ལོེ་ ༡༨༦༥ ལུ་ སིན་ཅུ་ལ་ཆིངས་ཡིག་གི་མཚན་རྟགས་བཀོད་ནུག།
དུས་དེ་བསྒང་ལུ་ འབྲུག་གི་དཔའ་བོ་ འཇིགས་མེད་རྣམ་རྒྱལ་ཨིན་ནི་དེ་གིས་ འཇིགས་མེད་རྣམ་རྒྱལ་གྱི་དུས་རབས་ཟེར་ སླབ་རུང་བ་ཡོདཔ་མ་ཚད་ དེ་བཟུམ་སྦེ་ སྡེ་སྲིད་ཁྲི་རབས་ ༤༨ པ་གིས་ཡང་ ནང་འཁྲུག་ལེ་ཤ་ཅིག་ཞི་ཡོད་པའི་ཁར་ ཁྲི་ལས་དགོངས་ཞུ་མཛད་དེ་འབད་རུང་ རྒྱལ་གཞུང་ལུ་ ཕན་པའི་བཀོད་རྒྱ་དང་བཀའ་སློབ་བཟང་པོ་ཚུ་གནང་སྟེ་ བཞུགས་ནུག།
དེ་བསྒང་ འཇིགས་མེད་རྣམ་རྒྱལ་འདི་ འབྲུག་རྒྱལ་ཁབ་ལུ་ཕན་པའི་དཀའ་སྡུག་ཅན་གྱི་ཕྱག་ལཱ་མཛད་མི་དཔའ་བོ་ཅིག་ཨིནམ་ ལས་ ཁོ་རའི་དབང་ཆ་དང་ཕྱག་འགན་ཚུ་ སྲས་ སྤ་རོ་དཔོན་སློབ་ ཨྱོན་དབང་ཕྱུག་ལུ་རྩིས་སྤྲོད་གནང་རུང་ སྤུན་ཆ་ནང་དོག་མ་འགྲིགས་པར་ ཡབ་ཀྱི་བུ་ཚབ་ ཐིམ་ཕུག་རྫོང་དཔོན་ ཨ་ལུ་རྡོ་རྗེ་དང་ སྤུ་ན་རྫོང་དཔོན་ ཕུན་ཚོགས་རྡོ་རྗེ་གིས་ སྤྱི་ལོ་ ༡༨༨༥ ལུ་ ལྕང་གླིང་མའི་ཐང་ན་ སྲས་ཨྱོན་དབང་ཕྱུག་འདི་ ཀྲོང་ནིའི་དཔའ་བཅམས་རུང་ ཁོ་རའི་སྐྱེས་སྟོེབས་ཀྱི་རིག་པ་དང་ལག་རྩལ་ལས་བརྟེན་ གླག་ཁེལ་མ་ཚུགས་པར་ དམག་འཁྲུག་དེ་གིས་ རྒྱལ་ཁབ་ནང་ ནང་འཁྲུག་དམག་གི་རྒྱུན་བཅད་ནུག། དེ་མ་ཚད་ སྤྱི་ལོ་ ༡༩༠༤ ལུ་ བོད་དང་ཕྱི་གླིང་རྒྱ་གར་གྱི་བར་ན་ ཨྱོན་དབང་ཕྱུག་མཆོག་གིས་ བདེ་སྒྲིག་ལེགས་ཤོམ་མཛད་གནངམ་ལས་ ཧེ་མ་ལས་རེ་འདོད་བསྐྱེད་བཞིན་ ཕྱི་གླིང་རྒྱ་གར་གཞུང་དང་འབྲུག་གི་བར་ན་ མཐུན་ལམ་སྦོམ་འགྱོ་ཡོདཔ་མ་ཚད་ མི་དབང་མཆོག་ལུ་ རྒྱ་གར་མངའ་སྡེའི་དཔའ་བོའི་གོ་གནས་ཡང་གནང་ནུག།
གོང་ས་ཨྱོན་དབང་ཕྱུག་འདི་ དཔའ་རྩལ་ཆེ་བ་ ཐབས་ཤེས་བཟང་བ་ བཟོད་སྲན་ཆེཝ་ལས་ འབངས་མི་སེར་ཡོངས་ སྤྱི་མཐུན་གྱི་སྒོ་ལས་ འབྲུག་གི་རྒྱལཔོ་དང་པ་སྦེ་ བསྐོས་གནང་ནུག།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
