སྐད་ཡིག་ཚུ༌

དམངས་གཙོའི་གཞུང་གི་ལམ་ཕྱོགས་ལུ།

ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ཡར་ཅིག་བཀལ་རུང་ མར་ཅིག་བཀལ་རུང་ ཁྱེད་མི་སེར་ཚུ་གི་ལག་པར་ཨིན། ཟེར་ མི་དབང་འབྲུག་རྒྱལ་པཞི་པ་མཆོག་གིས་ ས་གནས་ག་ཏེ་ར་བྱོན་རུང་ གསུང་བཤད་ག་ཅི་ར་ གནང་རུང་ གསུངས་ནི་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་གི་ ཐུགས་ཀྱི་དགོངས་བཞེད་བླ་ན་མེད་པ་ཅིག་ཨིན། འབྲུག་རྒྱལ་ཁབ་འདི་ནང་ མི་སེར་གྱི་བཅའ་མར་གཏོགས་ཞུགས་དང་ དབང་ཚད་ཕྱིར་སྤེལ་དེ་ལས་ ས་གནས་ཀྱི་གཞུང་འགོ་བཙུགས་གནང་མི་འདི་ རྒྱལ་ཁབ་ཡར་རྒྱས་མདུན་དུ་སྤོ་བའི་རྟགས་མཚན་སྦོམ་སྟོནམ་ཨིན།

མི་དབང་འབྲུག་རྒྱལ་བཞི་པའི་དབུ་ཁྲིད་བཟང་པོའི་འོག་ལུ་ དང་པ་ར་ སྤྱི་ལོ་ ༡༩༨༡ ལུ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་དང་ ལོ་བཅུ་ཐམས་ཀྱི་རྒྱབ་ལས་ རྒེད་འོག་ཡར་རྒྱས་ཚོགས་ཆུང་འགོ་བཙུགས་ཡོདཔ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཡང་ བློན་པོའི་ལྷན་ཚོགས་ལུ་ རྩིས་སྤྲོད་གནང་སྟེ་ མི་སེར་ཚུ་ལུ་ དབང་ཚད་ཧྲིལ་བུ་གནང་ཡོདཔ་ཨིན།

སྤྱི་ལོ་ ༢༠༠༡ ལས་ ང་བཅས་འབྲུག་ལུ་ རྣམ་དཔྱོད་དང་ལྡན་པའི་རྩ་ཁྲིམས་ཟིན་བྲིས་ཚོགས་པ་ཅིག་ཚོགས་ཞིནམ་ལས་ རྩ་ཁྲིམས་ཆེན་པོའི་ཟིན་བྲིས་འདི་ འགོ་བཙུགས་ནུག། ལོ་གཉིས་ཀྱི་རྒྱབ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྐུ་འོ་བརྒྱལ་བ་ལུ་མ་གཟིགས་པར་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ ནང་བྱོན་ཏེ་ མི་སེར་ཚུ་དང་གཅིག་ཁར་ རྩ་ཁྲིམས་ཟིན་བྲིས་ཀྱི་སྐོར་ལས་ གྲོས་བསྟུན་མཛད་གནང་ནུག།
People's Democratic partyམི་སེར་དམངས་གཙོའི་ཚོགས་པ།People's Democratic partyའབྲུག་ཕུན་སུམ་ཚོགས་པ།
དེ་མ་ཚད་ རྩ་ཁྲིམས་ཟིན་བྲིས་ཀྱི་འདུས་ཚོགས་ བཙག་འཐུ་ལྷན་ཚོགས་དང་ངན་ལྷད་བཀག་སྡོམ་དེ་ལས་ རྩོད་དཔོན་ཡོངས་ཁྱབ་ཀྱི་ཡིག་ཚང་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན། གནམ་ལོ་ ༢༠༠༨ ལས་དམངས་གཙོོའི་གཞུང་ལུགས་འགོ་བཙུགས་ནིའི་གྲོས་ཐག་བཅད་ཞིནམ་ལས་ རྒྱལ་ཁབ་ནང་གི་མི་དྲག་གཞན་ཆེ་ཆུང་མེད་པར་ མནོ་བསམ་ཐེབས་ཅིག་བཏང་སྟེ་ དམངས་གཙོའི་ལམ་ལུགས་དང་བྱ་སྒོའི་ལས་རིམ་ཚུ་གི་སྐོར་ལས་ ཤེས་ཡོན་ཚུ་བྱིན་ཡོད་པའི་ཁར་ རྒྱལ་ཁབ་མཐའ་དབུས་མེད་པར་ བཙག་འཐུའི་དཔེ་སྟོན་ཡང་ ཐེངས་གཉིས་འབད་ཡོདཔ་ཨིན།

དེ་གིས་མ་ཚད་པར་ ལྕོགས་གྲུབ་དང་ལྡན་པའི་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་ཟེར་ ཚོགས་པ་གཉིས་ཧེ་མ་ལས་ར་ གཞི་བཙུགས་འབད་དེ་ མི་སེར་ཚུ་ལུ་ངོ་སྤྲོད་འབད་བའི་བསྒང་ར་ཡོདཔ་ཨིན།

རྩ་ཁྲིམས་ཆེན་མོ་དང་འཁྲིལ་ ཏེ་ འབྲུག་ལུ་རྒྱལཔོ་དང་རྒྱལ་ཡོངས་ཚོགས་སྡེ་༼ཚོགས་ཁང་གོང་མ༽དེ་ལས་ རྒྱལ་ཡོངས་ཚོགས་འདུ་༼ཚོགས་ཁང་འོག་མ༽བཅས་ རྣམ་པ་གསུམ་སྦེ་ཡོདཔ་དང་ ཚོགས་ཁང་གོང་མའི་ནང་ འཐུས་མི་ རྫོང་ཁག་རེ་རེའི་ནང་ལས་ རེ་རེ་དང་མི་དབང་མངའ་ཞབས་ཀྱིས་བློ་གཏད་ཅན་གྱི་འཐུས་མི་ལྔ་བཅས་ ༢༥ དེ་ཅིག་ཡོདཔ་ཨིན།

དེ་བཟུམ་སྦེ་ ཚོགས་ཁང་འོག་མའི་ནང་ལུ་ འདེམས་ཁོངས་ ༤༧ ནང་ལས་ བཙག་འཐུ་འབད་དེ་ འཐུས་མི་ ༤༧ འོང་ནི་ཨིནམ་དང་ ཚོགས་པ་གཉིས་ལས་ གང་རུང་གིས་ ཚོགས་རྒྱན་ལེ་ཤ་ཐོབ་མི་དེ་གིས་ རྒྱལ་ཁབ་ཀྱི་གཞུང་སྐྱོང་ནི་ཨིན།